ལྗར་པན་གྱི་རྒྱལ་སྲས་འབྲུག་ཡུལ་དུ་ཕེབས་སྐབས་ཀྱི་པར་འགའ།
2019-08-22 18:22:00
|
0

ལྗར་པན་སྨྱན་སྦྱོར་ཁག་གིས་སྤེལ་བའི་གནས་ཚུལ་ལྟར་ན། ས་གནས་དེ་གའི་དུས་ཚོད་ཀྱི་ཟླ་8ཚེས་17ཉིན། ལྗར་པན་གྱི་གོང་མ་ཝུན་རེན་དང་བཙུན་མོ་ཅི་ཙེ་ཡིས་རྒྱལ་སྲས་ཡིའུ་རེན་ཁྲིད་དེ་འབྲུག་ཡུལ་དུ་ཕེབས་ཡོད་ཅིང་། དུས་ཡུན་ཉིན་10ཡི་རིང་གི་འབྲུག་ཡུལ་གྱི་འགྲུལ་བཞུད་འགོ་ཚུགས་པ་དང་། འདི་ནི་ལོ་12ལ་སླེབས་པའི་རྒྱལ་སྲས་ཕྱི་རྒྱལ་དུ་ཕེབས་ཐེངས་དང་པོ་དེ་ཡིན།

ཁོང་ཚོ་ཐེངས་འདིར་འབྲུག་ཡུལ་དུ་ཕེབས་དོན་ནི་ཡུལ་སྐོར་སྤྲོ་འཆམ་དང་། རྒྱལ་སྲས་ཀྱི་རིག་གནས་མི་འདྲ་བ་ཤེས་རྟོགས་ཐུབ་ཆེད་ཡིན་པ་དང་། ཟླ་8པའི་ཚེས་25ཉིན་ཕྱིར་ལྗར་པན་དུ་ལོག་རྒྱུ་རེད།

གོང་མ་དང་རྒྱལ་སྲས་གཉིས་གནམ་གྲུ་མི་འདྲ་བ་གཉིས་ཀྱི་ནང་བཞུགས་ཏེ་འབྲུག་ཡུལ་དུ་ཕེབས་ཡོད་ཅིང་། དེ་ལྟར་བྱེད་དོན་ནི་གནམ་གྲུར་དོན་རྐྱེན་བྱུང་ན་རྒྱལ་རྒྱུད་ཆད་པའི་ཉེན་ཁ་ཡོད་པ་དང་། གནམ་གྲུ་མི་འདྲ་བ་གཉིས་ནང་བཞུགས་ན་གཅིག་ལ་དོན་རྐྱེན་བྱུང་ཡང་རྒྱལ་རྒྱུད་འཛིན་མཁན་གཞན་གཅིག་ཤུལ་ཏུ་ལུས་སྲིད་པས་ཡིན།

རྒྱལ་སྲས་ཡིའུ་རེན་ནི་2006ལོའི་ཟླ་9པར་འཁྲུངས་པ་དང་། ཁོང་མ་འཁྲུངས་གོང་ལྗར་པན་གྱི་གོང་མ་ཚང་ལ་ལོ་ངོ་40ཡི་རིང་རྒྱལ་རྒྱུད་འཛིན་མཁན་གྱི་སྲས་མ་འཁུངས་པར་བརྟེན། ཁོང་འཁྲུངས་པར་རྒྱལ་ཡོངས་དགའ་སྤྲོས་ཁེངས་ཤིང་། ཁོང་གི་སྤོ་བོ་གོང་མ་མིང་རེན་གྱིས་ཁོང་འཁྲུངས་པའི་ཉིན་ནས་བཟུང་མཐོང་ཆེན་བྱས་པ་མཚོན་པའི་རལ་གྲི་བསྩལ་ཡོད།

ལྗར་པན་དུ་གནམ་བསྐོས་གོང་མ་ནི་རྒྱལ་ཁབ་ཀྱི་མཚོན་རྟགས་ཡིན་ཞིང་། འགན་འཁྲི་གཙོ་བོ་ནི་ནང་བློན་ཁང་གི་མཛུབ་ཁྲིད་དང་མོས་མཐུན་འོག་བཅའ་ཁྲིམས་དང་སྲིད་གཞུང་གི་བཀའ་ཡིག་ཁྱབ་བསྒྲགས་དང་། རྒྱལ་ཚོགས་བསྡུ་བ། ཕྱི་རྒྱལ་གྱི་གཞུང་ཚབ་ཆེན་མོ་དང་མཇལ་འཕྲད་གནང་བ་སོགས་ཡིན་ཞིང་། གོང་མ་ཚང་གི་ཁོངས་མི་གཞན་རྣམ་པས་ཀྱང་ངེས་པར་དུ་འབྲེལ་ཡོད་ཀྱི་གཞུང་དོན་ཏེ་དཔེར་ན་གུས་ལུགས་རང་བཞིན་གྱི་བྱེད་སྒོར་ཞུགས་པ་དང་། སྐུ་མགྲོན་ལ་མཇལ་འཕྲད་གནང་བ། འཚམས་འདྲིར་ཕེབས་པ་སོགས་ཀྱི་འགན་འཁྲི་སྒྲུབ་དགོས།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ལྟ་སྐུལ། ཝང་ཧྥེ།
སྒྲིག་སྒྱུར། བསོད་ནམས་འཚོ།
ཞུ་དག བདེ་ལྷ་མོ།

   མདུན་ངོས་སུ་ལོག་པ།