ཁ་བའི་ཁྲོད་སྤྱོད་པ་འདི་དག་གིས་ང་ཚོའི་ཡིད་དབང་འཕྲོག
2019-02-04 09:33:00
|
0

གང་ན་དཀའ་ཁག་ཡོད་ན་ང་ཚོ་དེ་ན་ཡོད།

མང་རྫོང་མགོ་མང་གྲོང་རྡལ་ནས་བྱང་ཕྱོགས་སུ་སྤྱི་ལེ་༣༥ཙམ་གྱི་སར་འགྱིང་བའི་ཨ་མྱེས་འབའ་ཚེ་རིའི་སྲིབ་ངོས་སུ་རུ་སྔུན་སྡེ་བའི་ཁྱིམ་ཚང་བཅུ་གཉིས་ཙམ་གཞིས་སྡོད་བྱས་ཡོད། ཉེ་བའི་ཟླ་ངོ་གཉིས་ཙམ་གྱི་རིང་ལ་འགྲུལ་ལམ་ཁ་བས་བཅད་པའི་གནས་ཚུལ་དེ་མགོ་མང་གྲོང་རྡལ་སྤྱི་ཕན་ཁོར་ཡུག་གཙང་སྦྲ་བཅོས་སྐྱོང་མཐུན་ཚོགས་ཀྱིས་ཤེས་རྟོགས་བྱུང་།

སྤྱི་ཟླ༡པོའི་ཚེས༢༧ཉིན། མཐུན་ཚོགས་ཏང་ཀྲི་པུའུ་ཡིས་སྣེ་ཁྲིད་འོག་གསེར་ཐང་ཚན་ཆུང་དང་ས་སྒ་ཚན་ཆུང་། རུ་སྔུན་ཚན་ཆུང་། ཚ་ནག་ཚན་ཆུང་། ཅོ་སེར་ཚན་ཆུང་། རྟ་ར་ཚན་ཆུང་བཅས་གཙོ་བོར་གྱུར་བའི་ཚན་ཆུང་དགུའི་མི་སྣ་ཁྱོན་བསྡོམས་༦༧གྱིས་གནས་དེ་ནས་སྔ་དྲོའི་ཆུ་ཚོད་དགུ་བ་ནས་ཕྱི་དྲོའི་ཆུ་ཚོད་ལྔ་བའི་བར་དུ་སྤྱི་ལེ་གསུམ་ལྷག་གི་ཁ་བ་མཐུག་པོ་དེ་བརྐོས། ཐེངས་འདིར་ཁོར་སྲུང་དང་བླངས་པ་དེ་དག་གིས་ཆུ་ཚོད་བརྒྱད་ལྷག་ལ་ངལ་གསོ་ཙམ་ཡང་མ་བྱས་པར་གྲང་ངར་བུ་ཡུག་འཚུབ་པའི་ཁྲོད་ནས་ངམ་ཁ་མཐོ་བའི་ཁངས་ལམ་དེད་དེ། རླངས་འཁོར་དང་འཕྲུལ་རྟ་སོགས་འགྲོ་བདེ་བར་བྱས་ཡོད།

གནས་ཚུལ་དེ་རུ་སྔུན་སྡེ་བའི་རུ་ཁག་གཉིས་པའི་རུ་གཙོ་ཚེ་དབང་ཐར་དང་སྡེ་མི་ལྷ་ཕྱུག་སོགས་ཀྱིས་འཆད་རྒྱུར། ཁྱོད་ཚོར་ངོ་མ་བཀའ་དྲིན་ཆེ་ཞུ། ལོ་སར་སླེབས་ལ་ཉེ་བའི་དུས་འདིར་ང་ཚོ་ཕར་ཚུར་ལ་བགྲོད་ཐུབ་པ་བཟོས་བྱུང་། ཞེས་ཡིད་འགུལ་ཐེབས་པའི་ངང་བཀའ་དྲིན་ཞུ་བཞིན་ཡོད།

དེར་བརྟེན། ང་ཚོའི་གོམས་གཤིས་བཟང་པོ་རྒྱུན་མཐུད་དེ་སླད་མར་ཡང་ཕན་ཚུན་ལ་མཐུན་སྒྲིལ་གང་ལེགས་དང་། མི་སུ་ཡིན་ཡང་དཀའ་ཁག་ལ་ཐུག་ན་སེམས་གཏིང་ནས་རོགས་རེས་ཅི་ལྕོགས་བྱེད་རྒྱུ་ནི་ཆེས་གལ་ཆེ་བའི་བྱ་གཞག་ཅིག་གོ །

ཡོང་ཁུངས། མཚོ་སྔོན་པོ་དྲ་བ།
རྩོམ་སྒྲིག་པ། བསོད་ཚེ།

   མདུན་ངོས་སུ་ལོག་པ།