མཚོ་བོད་མཐོ་སྒང་ནི་སྔར་བཞིན་ཆེས་དྭངས་གཙང་གི་ས་ཁུལ་གྲས་ཡིན་གསུངས།
2018-11-20 17:13:00
|
0

མཚོ་བོད་མཐོ་སྒང་ནི་སྔར་བཞིན་སའི་གོ་ལའི་སྟེང་གི་ཆེས་དྭངས་གཙང་གི་ས་ཁུལ་གྲས་ཀྱི་གཅིག་ཡིན་པ།

ཟླ7པའི་ཚེས18ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་སྤེལ་བའི《མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་གནས་ཚུལ》ཞེས་པའི་རྒྱབ་ཤོག་དཀར་པོའི་དེབ་ནང་མཚོ་བོད་མཐོ་སྒང་ནི་སྔར་བཞིན་སའི་གོ་ལའི་སྟེང་གི་ཆེས་དྭངས་གཙང་གི་ས་ཁུལ་གྲས་ཀྱི་གཅིག་ཡིན་ཞེས་བཀོད་ཡོད། རྒྱབ་ཤོག་དཀར་པོའི་དེབ་ལས་བརྗོད་པ་ལྟར་ན། མཚོ་བོད་མཐོ་སྒང་དུ་མིའི་རིགས་འགུལ་སྐྱོད་བྱས་ཚད་ཅུང་དམའ་ཞིང་།མཁའ་དབུགས་སྤུས་ཚད་ལ་མིའི་རིགས་འགུལ་སྐྱོད་ཀྱི་ཤུགས་རྐྱེན་ཐེབས་ཚད་ཅུང་ཆུང་ལ།སྦགས་བཙོག་དངོས་རིགས་ཅུང་ཉུང་བ་དང་སྟུག་ཚད་ཅུང་དམའ་བས།སྦགས་བཙོག་དངོས་པོ་འདུས་ཚད་ནི་བྱང་སྣེའི་ས་ཁུལ་དང་འདྲ་མཚུངས་རེད། ལྗང་མདོག་ནུས་ཁུངས་མུ་མཐུད་དུ་ཁྱབ་གདལ་བཏང་བ་དང་།སྐྱེ་ཁམས་ཀྱི་མཁར་གྲོང་འཛུགས་སྐྲུན་དང་། ཞིང་སྡེའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ཐད་མུ་མཐུད་དུ་སྐུལ་འདེད་བཏང་རྗེས། མཚོ་བོད་མཐོ་སྒང་གི་མཁའ་དབུགས་སྤུས་ཚད་སྔར་ལས་ཇེ་ལེགས་སུ་སོང་ཡོད།

མིག་སྔར། མཚོ་བོད་མཐོ་སྒང་གི་གཙང་པོ་དང་མཚེའུ་གཙོ་བོ་དག་གཞི་རྩའི་ཆ་ནས་རང་བྱུང་གི་རྣམ་པར་གནས་ཡོད་ལ།ཆུ་སྤུས་གནས་ཚུལ་བཟང་པོ་རྒྱུན་འཁྱོངས་བྱས་ཡོད། རྒྱབ་ཤོག་དཀར་པོའི་དེབ་ལས་བསྟན་དོན། མཚོ་བོད་མཐོ་སྒང་ནི་ཨ་ཤེ་ཡའི་གཙང་པོ་གལ་ཆེན་མང་པོ་ཞིག་གི་འབྱུང་ཁུངས་ཡིན་ལ། ཀྲུང་གོའི་ཆུའི་ཐོན་ཁུངས་དོ་དམ་དང་ཆུའི་ཁོར་ཡུག་སྲུང་སྐྱོབ་ཆེས་ནན་ཤོས་ཀྱི་ས་ཁུལ་གྲས་ཀྱང་ཡིན། རྒྱལ་ཁབ་ཀྱིས་མུ་མཐུད་དུ་མཚོ་བོད་མཐོ་སྒང་གི་ཆུའི་ཁོར་ཡུག་སྲུང་སྐྱོབ་བྱེད་ཤུགས་ཇེ་དྲག་ཏུ་བཏང་ཞིང་།བྱེད་ཐབས་གཙོ་བོ་ནི།ཆུ་ཁོངས་གལ་ཆེན་གྱི་ཕྱོགས་བསྡུས་འཆར་འགོད་སྒྲིག་བཟོ་བྱེད་པ།གཙང་པོ་དང་མཚེའུའི་ཆུ་ཡི་བྱེད་ནུས་ཁུལ་གྱི་རིགས་དབྱེ་བ།ཆུ་ཁོངས་བྱེད་ནུས་དང་ཆུ་སྤུས་སྲུང་སྐྱོབ་དམིགས་ཚད་གཏན་འབེབས་བྱེད་པ། གཙང་པོ་དང་མཚེའུ་གལ་ཆེན་དག་གི་ཆུའི་བྱེད་ནུས་ཁུལ་གྱི་བཙོག་སྡུད་ནུས་པ་དང་ཕྱིར་གཏོང་ཚོད་འཛིན་གྱི་སྤྱིའི་གྲངས་ཀ་ཞིབ་གཅོད་བྱེད་པ། ཆེས་ནན་ཤོས་ཀྱི་ཆུའི་ཐོན་ཁུངས་དོ་དམ་ལམ་ལུགས་ལག་བསྟར་བྱེད་པ་བཅས་ཚུད་ཡོད།

རྒྱབ་ཤོག་དཀར་པོའི་དེབ་ནང་བཤད་རྒྱུར། མཚོ་བོད་མཐོ་སྒང་ནི་གོ་ལ་ཧྲིལ་པོའི་སྦགས་བཙོག་ཐེབས་པ་ཆེས་ཉུང་བའི་ས་ཁུལ་གྱི་གྲས་ཡིན་ལ།ས་རྒྱུའི་ཁོར་ཡུག་སྤྱིའི་ཆ་ནས་རང་བྱུང་གི་གཞི་རྩའི་རྣམ་པར་གནས་ཡོད།ས་རྒྱུའི་རིགས་དང་ལྕགས་རིགས་གཙོ་བོའི་གྲུབ་ཆའི་འདུས་ཚད་ལ་ས་རྟིང་གི་རྡོའི་ངོ་བོ་དང་གནམ་གཤིས་ཆ་རྐྱེན་གྱི་ཚོད་འཛིན་ཐེབས་པས་མིའི་རིགས་ཀྱི་བྱ་འགུལ་གྱི་ཤུགས་རྐྱེན་ཆེན་པོ་ཐེབས་མེད། མཐོ་སྒང་གི་མཚེའུའི་བསགས་སྙིགས་ཁྲོད་ཟངས་དང་ནིག ཞ་སོགས་ལྕགས་རིགས་གཙོ་བོའི་གྲུབ་ཆ་འདུས་ཚད་དེ་མིའི་རིགས་ཀྱི་བྱ་འགུལ་མང་བའི་ས་ཁུལ་གྱི་མཚེའུའི་བསགས་སྙིགས་ལས་དམའ་བ་དང་། རྨོ་ཞིང་གི་ས་རྒྱུའི་ངོས་ནས་བལྟས་ན། བོད་ལྗོངས་ཀྱི་རྨོ་ཞིང་གི་ས་རྒྱུ་ཕལ་ཆེ་བའི་ལྕགས་རིགས་གཙོ་བོའི་གྲུབ་ཆའི་འདུས་ཚད་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་ས་རྒྱུའི་ཚད་ལས་ཡག་པོར་ཆགས་ཡོད།

དུས་མཚུངས་སུ། མི་སྡོད་ཁོར་ཡུག་མངོན་གསལ་གྱིས་ཇེ་བཟང་ལ་སོང་ཡོད། རྒྱབ་ཤོག་དཀར་པོའི་དེབ་ནང་བསྟན་དོན། 2009ལོའི་ཚུན་དུ།རྒྱལ་ཁབ་ཀྱིས་རིམ་རྩིས་སྒོས་མ་དངུལ་སྒོར་དུང་ཕྱུར62.94བཏང་སྟེ། བོད་རང་སྐྱོང་ལྗོངས་དང་། མཚོ་སྔོན་ཞིང་ཆེན། དེ་མིན་སི་ཁྲོན་དང་ཡུན་ནན། ཀན་སུའུ་བཅས་བོད་ཁུལ་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་བཙོག་ཆུ་དང་གད་སྙིགས་ཐག་གཅོད་སྒྲིག་བཀོད་དང་བཙོག་ཆུའི་སྦུག་དྲའི་ལས་གཞིར་རྒྱབ་སྐྱོར་བྱས་ཏེ། ས་དེའི་གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་བཙོག་ཆུ་དང་། གད་སྙིགས་ཐག་གཅོད་པའི་ནུས་པ་མཐོར་འདེགས་བྱུང་ཡོད། །

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།
ལྟ་སྐུལ། ཝང་ཧྥེ།
རྩོམ་སྒྲིག་པ། བསོད་ཚེ།

   མདུན་ངོས་སུ་ལོག་པ།