ཐུན་མིན་གྱི་གྱོན་ཆས་ཇུས་འགོད་འགྲེམ་སྟོན།
2018-07-03 14:50:00
|
0

  སྤྱི་ཟླ༧པའི་ཚེས༢ཉིན་གྱི་དགོང་མོར། པཉྩ་ལི་ཀ་རྟགས་ཅན་གྱི་གྱོན་ཆས་འགྲེམ་སྟོན་དགོང་ཚོགས་ཁྲེན་ཏུའུ་གྲོང་ཁྱེར་གདང་ལ་སྒྱུ་རྩལ་གླུ་གར་ལྟེ་གནས་སུ་སྤེལ་ཡོད།

  པཉྩ་ལི་ཀ་ཞེས་པ་ནི་དེང་རབས་ན་གཞོན་ཇུས་འགོད་པ་བཀྲ་ཤིས་དབྱངས་མཚོས་ཇུས་འགོད་བྱས་པའི་ཐུན་མིན་ཁྱད་ཆོས་ཀྱིས་ཕྱུག་པའི་གྱོན་ཆས་ཀྱི་ཚོང་རྟགས་ཤིག་རེད།གྱོན་ཆས་དེ་དག་ལ་དེང་རབས་ན་གཞོན་ཇུས་འགོད་པ་ཞིག་གི་ཇུས་འགོད་ཀྱི་འདུ་ཤེས་ཁོ་ན་འདུས་པ་ཞིག་མིན་པར།པཉྩ་ལི་ཀའི་གྱོན་ཆས་ཀྱི་རྒྱུ་ཆ་སྤུས་དག་ཅིང་། ཇུས་འགོད་ཉམས་མྱོང་ཕུན་སུམ་ཚོགས་པོ་འདུས་ཡོད།

  དེ་ཡང་སྤྱི་ལོ་༢༠༡༧ལོར།བཀྲ་ཤིས་དབྱངས་མཚོས་ཁྱད་འཕགས་ཇུས་འགོད་འདུ་ཤེས་ལ་བརྟེན་ནས་རྒྱལ་སྤྱིའི་མི་ལན་རྒྱན་གོས་འགྲེམ་སྟོན་ནང་ཞུགས་པ་དང་།སྤྱི་ལོ་༢༠༡༨ལོར་ཡང་བསྐྱར་རྒྱལ་སྤྱིའི་མི་ལན་རྒྱན་གོས་འགྲེམ་སྟོན་ནང་ཞུགས་པའི་གདན་ཞུ་ཐོབ་པ་མ་ཟད། ད་ལོའི་རྒྱལ་སྤྱིའི་རྒྱན་གོས་འགྲེམ་སྟོན་ནང་པཉྩ་ལི་ཀ་རྟགས་ཅན་གྱི་གྱོན་ཆས་ཁག་ཅིག་འགྲེམ་སྟོན་བྱ་རྒྱུ་ཡིན་པ་རེད།

  པཉྩ་ལི་ཀ་རྟགས་ཅན་གྱི་གྱོན་ཆས་ལ་དམིགས་བསལ་གྱི་ཁྱད་ཆོས་ཁ་ཤས་ལྡན་ཡོད་པ་སྟེ།

  གཅིག གྱོན་ཆས་ཇུས་འགོད་ཐད་སྲོལ་རྒྱུན་གྱི་རྣམ་པ་དང་དེང་རབས་རྣམ་པ་གཉིས་ཟུང་དུ་འབྲེལ་བས་དེ་གཉིས་པོའི་ཁྲོད་ནས་དེང་རབས་ཀྱི་རྣམ་པ་སྔར་བས་འབུར་དུ་མངོན་ཡོད།

  གཉིས། གྱོན་ཆས་ཀྱི་རི་མོའི་གྲུབ་ཚུལ་དང་། ཚོས་གཞིའི་སྡེབ་སྦྱོར་ཐད་སྲོལ་རྒྱུན་གྱི་ཆ་ལུགས་རྒྱུད་འཛིན་ཡག་པོ་བྱས་ནས། བོད་ཀྱི་སྲོལ་རྒྱུན་གྱི་སྐུ་དྲག་རྒྱན་གོས་རིག་གནས་ཀྱི་རྣམ་པ་མངོན་ཡོད།

  གསུམ། གྱོན་ཆས་ཇུས་འགོད་ཐད་སྣ་མང་ཅན་དང་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་བེད་སྤྱོད་ཆོག་པའི་ཁྱད་ཆོས་ལྡན་ཡོད།

  ཐེངས་འདིའི་གྱོན་ཆས་འགྲེམ་སྟོན་ཐོག བཟོ་བཀོད་མི་འདྲ་བའི་གྱོན་ཆས་སྣ་མང་འགྲེམ་སྟོན་བྱས་པ་དང་། པཉྩ་ལི་ཀ་རྟགས་ཅན་གྱི་གྱོན་ཆས་ཇུས་འགོད་གསར་གཏོད་བྱེད་མཁན་བཀྲ་ཤིས་དབྱངས་མཚོས་ཇུས་འགོད་རྣམ་པ་དང་། ཇུས་འགོད་བརྒྱུད་རིམ་ཁྲོད་རང་ཉིད་ལ་འཕྲད་པའི་དཀའ་ཁག་སོགས་ངོ་སྤྲོད་བྱས་པ་མ་ཟད།ད་དུང་ན་གཞོན་གླུ་མ་ཟླ་སྐྱིད་སྒྲོན་གྱིས་སྐབས་འདི་དང་བསྟུན་ནས་ད་ལྟ་ལས་གཏོད་ལ་འབད་བཞིན་པའི་ན་གཞོན་ཚོར་ལེགས་སྐྱེས་ཀྱི་ཚུལ་དུ་གསར་རྩོམ་རྐྱང་གཞས༼ཨ་མའི་ལག་ཟས།༽ཞེས་པའི་གླུ་དབྱངས་སོགས་ཕུལ་ནས་རྟེན་འབྲེལ་ཞུས་ཡོད།

  པཉྩ་ལི་ཀ་རྟགས་ཅན་གྱི་གྱོན་ཆས་ཇུས་འགོད་སྲོལ་གཏོད་མཁན་བཀྲ་ཤིས་དབྱངས་མཚོས་ཇུས་འགོད་གསར་གཏོད་ཀྱི་ལམ་བུ་དེར་ཞུགས་རྒྱུ་ནི་ལས་སླ་པོ་ཞིག་མ་རེད། ཇུས་འགོད་ཀྱི་ཐོག་མའི་བསམ་བློ་ཡོད་ཀྱང་། དེའི་བརྒྱུད་རིམ་ཁྲོད་འཕྲད་པའི་དཀའ་ངལ་དང་འབད་པའི་རྔུལ་ཆུ་ནི་རང་ཉིད་ཁོ་ནས་མ་གཏོགས་ཤེས་ག་ལ་ཐུབ། ཡིན་ནའང་ང་ཚོས་དེང་རབས་ཀྱི་གསར་གཏོད་རླབས་རྒྱུན་འདི་དང་བསྟུན་ནས། འབད་པ་ལྷོད་མེད་བྱས་ཚེ། ད་གཟོད་རང་གི་ཕུགས་བསམ་དང་དམིགས་ཡུལ་ཕྱོགས་སུ་གཞི་ནས་གོམ་ཁ་སྒྱུར་ཐུབ་ཅེས་དང་། མོས་ད་དུང་། ཐེངས་འདིའི་གྱོན་ཆས་འགྲེམ་སྟོན་གྱི་བྱེད་སྒོ་གཉེར་བའི་དམིགས་ཡུལ་ནི་དེང་རབས་ཀྱི་ན་གཞོན་ལས་གཏོད་པ་རྣམས་ལ་སྐུལ་སློང་དང་སེམས་ཤུགས་སྦྱིན་ཐུབ་པའི་ཆེད་དུ་ཡིན་ཞེས་བཤད་བྱུང་།

  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

  གསར་འགོད་པ། མཁའ་སྤྱོད་དབང་མོ།

  རྩོམ་སྒྲིག་འགན་འཁུར་བ། མིག་དམར་རྒྱ་མཚོ།

   མདུན་ངོས་སུ་ལོག་པ།