ཁོང་ནི་བོད་ཀྱི་ཤོམ་པ་བཀྲ་ཤིས་ལྷ་དར་དཀར་པོ་རེད།
2018-06-21 18:57:00
|
0

བཀྲ་ཤིས་ལྷ་དར་དཀར་པོ་ནི་ཕ་ཡུལ་བོད་ལྗོངས་ཆབ་མདོའི་སྟེང་ཆེན་རྫོང་གི་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་འཁྲུངས་པ་དང་། ཆུང་དུས་ནས་ལས་ཀ་གང་བསྒྲུབས་ཀྱང་དེར་ཧུར་བརྩོན་ཆེ་ཞིང་ནན་ཏན་དང་ཞིབ་ཚགས་ལྡན་པའི་མི་ཞིག་ཡིན་པས་ལོ་ན་མཉམ་པའི་རོགས་ཟླ་ཀུན་གྱི་མིག་དཔེ་ལྟ་བུར་གྱུར་ཡོད།

སྨན་པའི་ལས་དོན་སྒྲུབ་མཁན་ཁྱིམ་མིའི་ཤུགས་རྐྱེན་དང་ཁོང་རང་ཉིད་ཀྱི་ལས་ཀྱི་སྐལ་བ་བཟང་པོའི་དབང་གིས། ཕོ་ལོ་བཅུ་གྲངས་ཙམ་ལ་བོད་ལྗོངས་གསོ་རིག་སློབ་གྲྭའི་གསོ་རིག་གི་མེ་ཏོག་སྣ་བརྒྱ་བཞད་པའི་ཤེས་རིག་པདྨའི་ལྡིང་ཁང་ནང་དུ་སྙིང་བཅུད་ལེན་པའི་བུང་བའི་ཚུལ་དུ་སློབ་གཉེར་བྱེད་འགོ་བརྩམས། སློབ་གཉེར་གྱི་བརྒྱུད་རིམ་ཁྲོད། ལྷན་སྐྱེས་ཀྱི་ཉམས་དོད་པའི་གཟུགས་བྱད་དང་སྨྲ་བའི་ལྕེ་རྩལ་བདེ་བ་སོགས་ཀྱི་ཁྱད་ཆོས་ལ་བརྟེན་ནས་སློབ་རའི་ནང་གི་དགོང་ཚོགས་ཀྱི་མདོ་འཛིན་པ་དང་བོད་ཀྱི་གྱོན་ཆས་རིག་གནས་བཤམས་སྟོན་སོགས་སྒྱུ་རྩལ་གྱི་བྱེད་སྒོ་སྣ་ཚོགས་ནང་ཞུགས་པར། སློབ་རའི་ནང་གི་དགེ་སློབ་མང་པོས་མཐེ་བོང་དགུང་དུ་བསྒྲེངས་ནས་མགྲིན་གཅིག་ཏུ་བསྔགས་བརྗོད་བྱས། ལོ་དུ་མའི་རིང་། མཁྱེན་རྒྱ་ཡངས་པའི་གསོ་བ་རིག་པའི་དགེ་རྒན་རྣམས་ཀྱི་མཛུབ་ཁྲིད་འོག ཁོང་གིས་གསོ་བ་རིག་པའི་གཞུང་ལ་ཉམས་ལེན་ཡང་གང་ལེགས་བྱས་མོད། ཕྱིས་སུ་སློབ་གྲྭ་ནས་ཐོན་རྗེས། རང་ཉིད་ཀྱི་དགའ་ཁ་ཁྱེར་ཕྱོགས་ལ་ལྟར་གསོ་རིག་གི་ལམ་བུ་ནས་བཟློགས་ཏེ་དངོས་སུ་ཤོམ་པའི་ལམ་དུ་ཞུགས་འགོ་བརྩམས།

ད་ལོ་རང་ལོ་༢༥ཡིན་པའི་བཀྲ་ཤིས་ལྷ་དར་དཀར་པོའི་སྐྱེ་གཟུགས་རིང་ཞིང་ཐང་ཤ་དོད་ལ། བྱད་བཞིན་ལ་བོད་རིགས་ཀྱི་སྐྱེས་པ་ཕོའི་དམིགས་བསལ་གྱི་ཕོ་ཉམས་ཤིག་ལྡན། ཁོང་གི་གཟུགས་པོའི་རིང་ཚད་ལ་ལི་སྨི༡༩༠དང་ལྗིད་ཚད་ལ་སྤྱི་རྒྱ༨༠ཡོད་པ་དང་། སྤྱི་ལོ་༢༠༡༧ལོའི་ཟླ་༩པར། བཀྲ་ཤིས་ལྷ་དར་དཀར་པོར་ཤར་ཕྱོགས་དུས་དར་གྱི་ཀྲུང་གོའི་ཤོམ་པའི་འགྲན་བསྡུར་ཐོག་རྒྱལ་ཡོངས་ཀྱི་སྐྱེས་པའི་རུ་ཁག་གི་ཨང་གསུམ་པ་ཐོབ་པ་མ་ཟད། ད་དུང་སྤྱི་ལོ་༢༠༡༧ལོའི་ཀྲུང་གོའི་ཡུལ་སྐོར་སྐུ་ཞབས་འགྲན་བསྡུར་ཆེན་མོའི་ཁྲོད་གཟུགས་བྱད་ལེགས་ཤོས་ཀྱི་བྱ་དགའ་ཐོབ་པ་དང་། སྤྱི་ལོ་༢༠༡༧ལོའི་སྐབས་དང་པོའི་ཀྲུང་གོའི་བོད་ཀྱི་ཤོམ་པའི་འགྲན་བསྡུར་ཁྲོད་ཨང་༣༠པའི་ནང་ཚུད་པ། སྤྱི་ལོ་༢༠༡༧ལོའི་ཟླ་༡༡པར། མེའེ་སའེ་དེ་སི་པིན་ཁྲིའི་རྒྱལ་སྤྱིའི་གྱོན་ཆས་འགྲེམ་སྟོན་བྱེད་སྒོ་ལའང་གདན་འདྲེན་ཞུས་ཡོད་པ་རེད།

བཀྲ་ཤིས་ལྷ་དར་དཀར་པོ་ལ་མཚོན་ན། ཁོང་ཉིད་ཀྱིས་མིག་སྔའི་བར་ཐོབ་པའི་གྲུབ་འབྲས་མཐའ་དག་ནི་བོད་ཀྱི་རིག་གནས་ཀྱི་བཅུད་ཉམས་སུ་བླངས་པ་ལས་ཐོབ་པ་ཁོ་ན་ཡིན་ཞིང་། མཚར་སྡུག་ལྡན་པའི་བོད་ཀྱི་གྱོན་ཆས་རིག་གནས་ནི་རིན་བྲལ་གྱི་གཅེས་ནོར་ལྟར་སྙིང་གི་ཟབ་སར་བཞག་ཡོད་པས། ཁོང་ཉིད་ཀྱིས་ཀྱང་དེར་གཅེས་སྤྲས་དང་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུ་ནི་བཟློག་ཏུ་མེད་པའི་རླབས་ཆེའི་འོས་འགན་ལ་བརྩི་བཞིན་ཡོད། རྒྱལ་ནང་གི་ཆེ་ཆུང་མི་འདྲ་བའི་གར་སྟེགས་ཐོག་བྱ་དགའ་དང་གདེང་འཇོག་བཟང་པོ་ཅི་འདྲ་ཐོབ་ཀྱང་། བཀྲ་ཤིས་ལྷ་དར་དཀར་པོས་སློབ་སྦྱོང་གི་གོམ་ཁ་སྤོ་མཚམས་འཇོག་མ་མྱོང་ལ་འཇོག་ཀྱང་མི་སྲིད་དེ། ཁོང་ལ་ད་དུང་རོལ་དབྱངས་དང་གློག་བརྙན་ཀྱི་ཕུགས་འདུན་ལྡན་ལ། མདོ་འཛིན་པ་དང་འཁྲབ་སྟོན་པ་ཞིག་བྱེད་པའི་རེ་བའང་ཡོད། གང་ལྟར། ཁོང་ཉིད་ཀྱིས་བོད་མི་རིགས་ཀྱི་མཛེས་སྡུག་དེ་གཏམ་རྒྱུད་སྙན་མོ་དང་དྲུག་འགྱུར་དབྱངས་རྟར་དྲངས་ནས་འཛམ་གླིང་གི་ཡུལ་གྲུ་ཀུན་ལ་ཁྱབ་ཆེད་དུ་འབད་འབུངས་ཆེར་བསྐྱེད་གནང་མུས་ཡིན་ལ། ཁོང་ནས་མ་འོངས་པར་སྔར་ལས་ལྷག་པའི་སྒོ་ནས་མི་རབས་གསར་པའི་བོད་རིགས་གཞོན་ནུའི་ཉམས་བཟང་དང་དྲང་ནུས་འཛམ་གླིང་ས་ཕྱོགས་སུ་ངོམ་སྟོན་ཐུབ་པར་ཡིད་ཆེས་ཀྱང་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
རྩོམ་སྒྲིག་འགན་ཁུར་བ། མིག་དམར་རྒྱལ་པོ།
གཙོ་སྐྱོང་པ། བཀྲ་ཤིས་རྡོ་རྗེ།

   མདུན་ངོས་སུ་ལོག་པ།