ད་ལོའིNBAགསེར་གྱི་གཟེངས་རྟགས་དཔའ་རྟུལ་རུ་ཁག་ཚང་ལ་ཐོབ།
2018-06-09 16:31:00
|
0

འཛམ་གླིང་ཆེས་མཐོའི་ལག་རྩེད་སྤོ་ལོའི་རྩལ་གྱི་སྡིངས་ཆ་ཆེན་པོ་ནི་རྟག་ཏུ་ཨ་རིའི་མནའ་འབྲེལ་ལག་རྩེད་སྤོ་ལོའི་མཐུན་ཚོགས་(NBA)ཡིན་ཞིང་། ལོ་རེའི་དབྱར་ཟླ་དྲུག་པའི་ཟླ་སྟོད་ནི་འཛམ་གླིང་ཡུལ་གྲུ་ཀུན་གྱི་ལག་རྩེད་སྤོ་ལོར་དགའ་མཁན་ཚོས་རེ་སྒུག་བྱེད་སའི་དུས་ཚིགས་དམིགས་བསལ་བ་ཞིག་ཡིན།

སྤྱིར་བཏང་ཨ་རིའི་མནའ་འབྲེལ་ལག་རྩེད་སྤོ་ལོའི་ཁོངས་ལ་རུ་ཁག་སུམ་བཅུ་ཏག་ཏག་ཡོད་ཅིང་ལོ་རེ་རེ་བཞིན་རྒྱུན་རིང་གི་འགྲན་བསྡུར་གང་མང་བརྒྱུད་དེ་ཨ་རིའི་ཤར་ནུབ་གཉིས་ལས་ཆེས་རྩེ་ཕུད་ཀྱི་རུ་ཁག་གཉིས་ཀྱིས་མཐའ་མཇུག་གི་རྒྱལ་ཕམ་ཐག་གཅོད་པ་རེད། རུ་ཁག་གཉིས་ལ་ཁྱོན་འགྲན་ཐེངས་བདུན་ཡོད་ཅིང་རུ་ཁག་གང་ཞིག་སྔོན་དུ་ཐེངས་བཞི་ལ་རྒྱལ་ན་མཐའ་མཇུག་གི་རྒྱལ་ཁ་རུ་ཁག་དེར་དབང་བ་རེད།

ད་ལོའི་རྟིང་རྩོད་འགྲན་བསྡུར་གྱི་རུ་ཁག་གཉིས་ནི་ཤར་ཕྱོགས་ནས་ལྒང་རྩེད་པ་གྲགས་ཅན་ལྗེམ་སི་ཡིས་སྣེ་ཁྲིད་པའི་སྐྱ་མི་རུ་ཁག་དང་ནུབ་ཕྱོགས་ནས་ཕུལ་བྱུང་ལྒང་རྩེད་པ་སྒྲོས་རེན་ཁྲི་ཡིས་སྣེ་ཁྲིད་པའི་དཔའ་རྟུལ་རུ་ཁག་གཉིས་ཡིན་ཞིང་། རུ་ཁག་དེ་གཉིས་ནི་ཉེ་བའི་ལོ་འགའི་ནང་དུ་ཡང་དང་ཡང་དུ་རྟིང་རྩོད་འགྲན་བསྡུར་གྱི་འགྲན་ར་ནས་གདོང་ཐུག་བརྒྱབ་ཅིང་ང་རྒྱལ་ཁྱོད་ཕམ་གྱི་ངོ་མཚར་ལྟད་མོས་མི་སེམས་ལ་དགའ་སྤྲོ་དང་བྲེལ་འཚུབ་སོགས་ཀྱི་ཚོར་སྣང་འགོག་མེད་དུ་སྟེར་མྱོང་བ་རེད།

ད་ལོའི་རྟིང་རྩོད་འགྲན་བསྡུར་གྱི་ཆེས་མཐའ་མའི་རྒྱལ་ཁ་དེ་དཔའ་རྟུལ་རུ་ཁག་ཚང་ལ་ཐོབ་པ་དང་རུ་ཁག་དེའི་ལྒང་རྩེད་པ་གྲགས་ཅན་སྒྲོས་རེན་ཁྲི་ལ“རྟིང་རྩོད་འགྲན་བསྡུར་ཁྲོད་ཀྱི་ཆེས་རིན་ཐང་ལྡན་པའི་ལུས་རྩལ་བ(FMVP)”ཞེས་པའི་གཟེངས་རྟགས་ཐོབ་པ་དང་། ཁོ་ལ་མཚོན་ན་གཟེངས་རྟགས་དེ་བསྟུད་མར་ལོ་གཉིས་ལ་ཐོབ་པ་རེད།

འདི་ལྟར་ད་ལོའི་ཨ་རིའི་མནའ་འབྲེལ་ལག་རྩེད་སྤོ་ལོའི་རྟིང་རྩོད་འགྲན་བསྡུར་ནི་དེ་རིང་སྟེ། སྤྱི་ལོ ༢༠༡༨ ལོའི་སྤྱི་ཟླ ༦ ཚེས ༩ ཉིན་ཡོངས་སུ་མཇུག་རྫོགས་ཤིང་དཔའ་རྟུལ་རུ་ཁག་ཚང་གིས་འཕྲོ་རིམ་འཕྲོར་ལོ་གཉིས་ལ་མཇུག་མཐའི་རྒྱལ་ཁ་དེ་སྤོབས་པ་དང་གཟི་བརྗིད་ལྡན་པའི་ངང་བླངས་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

རྩོམ་པ་པོ། གཤོག་པ།

   མདུན་ངོས་སུ་ལོག་པ།