བརྩེ་སེམས་ཀྱིས་བཞེངས་པའི་ཚོང་ཁང་འདི་འདྲ་ཡག་པོ་ཞིག
2018-05-21 16:23:00
|
0

ཕར་བལྟས་ཚོད་ལ་ཚོང་ཁང་དེ་ཚོང་ཁང་སྤྱིར་བཏང་ཞིག་དང་འདྲ། ཡིན་ནའང་ང་ཚོ་ནང་དུ་ཕྱིན་ནས་རྒྱུས་ལོན་བྱས་རྗེས་དེ་ནི་དམིགས་བསལ་གྱི་ཚོང་ཁང་ཞིག་ཡིན་པ་ཤེས། དེའི་ནང་དུ་ལག་བཟོས་ཚོང་ཟོག་ཁག་ཅིག་བཤམས་ཡོད་ཅིང་། ཚོང་ཟོག་དེ་དག་རེ་རེའི་ཁྲོད་ནས་དམིགས་བསལ་གྱི་དྲོད་ཁོལ་དང་རེ་བ་ཞིག་ཚོར་ཐུབ། ཚོང་ཁང་དེ་ཁྲེན་ཏུའུ་ཀའོ་ཧྲེན་ཆའོ་ཁྲོམ་ལམ་བྱང་མར་(高升桥北街)ཡོད།

དམིགས་བསལ་ཅན་གྱི་ཚོང་ཁང་ཆུང་ཆུང་དེས་ཁྱེད་ཀྱི་སེམས་འགུལ་བར་བྱེད་སྲིད་ལ། ཁྱེད་ལ་འཚོ་བའི་སྙིང་སྟོབས་དང་སེམས་ཤུགས་ཀྱང་སྦྱིན་ཐུབ་ངེས་རེད།

གནའ་བ་ཞེས་པའི་ཚོང་ཁང་དེ་ནི་གྲངས་ཉུང་མི་རིགས་ཀྱི་ལག་ཤེས་སྒྱུ་རྩལ་མངོན་པའི་དངོས་ཟོག་ཚོང་ཁང་ཆུང་ཆུང་ཞིག་ཡིན་ལ། ཚོང་ཁང་དེ་འཛུགས་མཁན་ནི་རྒྱལ་ཁོངས་དབྱིན་ཇི་ནས་ཡིན་པའི་རྒན་མོ་Rachelལགས་ཡིན་ཞིང་། དེའི་ནང་གི་ཚོང་ཟོག་མང་ཆེ་བ་ནི་ས་ཁུལ་སོ་སོའི་དབང་པོ་སྐྱོན་ཅན་ལག་ཤེས་ཅན་དང་འཚོ་བའི་ཐད་དཀལ་ངལ་ཡོད་པའི་མི་སྣ་ཁག་ཅིག་གིས་ལག་བཟོ་བྱས་པའི་ལག་ཤེས་བཟོ་ལས་ཐོན་རྫས་ཤ་སྟག་ཡིན། ཚོང་ཁང་དེ་ཐོག་མར་འཛུགས་པའི་ཀུན་སློང་ཡང་ས་ཁུལ་མི་འདྲ་བ་དང་། རྒྱལ་ཁབ་མི་འདྲ་བ། མི་རིགས་མི་འདྲ་བ་བཅས་ཀྱི་ལག་ཤེས་ལྡན་པའི་དམིགས་བསལ་མི་སྣའམ་དབང་པོ་སྐྱོན་ཅན་སོགས་ལ་རོགས་སྐྱོར་བྱེད་ཆེད་ཡིན། དེར་བརྟེན་ཚོང་ཁང་དེ་ལས་དམིགས་བསལ་གྱི་བརྩེ་སེམས་དང་དྲོད་ཁོལ་ཞིག་རང་ཤུགས་སུ་ཚོར་ཐུབ།

ཚོང་ཁང་དེའི་འབྲེལ་ཡོད་མི་སྣས་ངོ་སྤྲོད་གནང་བར་གཞིགས་ན། ཚོང་ཁང་དེའི་ནང་ཡོད་པའི་ལག་བཟོས་ཁུག་མ་དང་། ཤོག་བྲིས་རི་མོ། ཤིང་བརྐོས་རྒྱན་ཆས་སོགས་ལག་བཟོས་སྒྱུ་རྩལ་ཚོང་རྫས་རེ་རེ་ནི་དབང་པོ་སྐྱོན་ཅན་སོགས་དཀའ་ངལ་ཡོད་པའི་མི་སྣས་བཟོས་པ་ཤ་སྟག་ཡིན་ཞིང་། དེ་དག་ལས་མི་སྣ་དེ་དག་གིས་འཚོ་བ་དང་མ་འོངས་པར་བཅངས་པའི་མཛེས་སྡུག་ལྡན་པའི་ཕུགས་འདུན་མངོན་གྱི་ཡོད།
དེ་ལྟར་ཚོང་ཁང་དེས་སྔ་ཕྱིར་ཁྱིམ་ཚང་༦༠༠ལྷག་ལ་ཕན་པ་བསྐྲུན་ཡོད་ཅིང་། དཀའ་ཁག་ཡོད་པའི་མི་སྣའི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་ཐུབ་ཡོད་ལ། ཚོང་ཁང་དེའི་ཚོང་ཡང་ཇེ་ཡག་ཇེ་ཡག་ཏུ་ཕྱིན་ཡོད། དེ་དག་ཚང་མ་ནི་ལྷག་བསམ་རྣམ་དག་གི་ཚོང་ལས་གྲོགས་པོ་རྣམས་དང་དང་བླང་པ་རྣམས་ཀྱི་རོགས་སྐྱོར་དང་ཡང་ཁ་བྲལ་ཐབས་མེད།

སྤྱི་ལོ་༢༠༡༦ལོར། ཚོང་ཁང་ཆུང་ཆུང་དེའི་གནས་ཚུལ་བརྗོད་པའི་བརྙན་ཐུང་ཞིག་ཕབ་སྐྲུན་བྱས་ནས་དྲ་ཐོག་སྤེལ་བས། མི་མང་པོར་སེམས་འགུལ་ཐེབས་ཡོད་ཅིང་། ས་ཆ་ཁག་ནས་གྲོགས་པོ་མང་པོ་ཚོང་ཁང་ནང་དུ་ཡོང་སྟེ་ཐུན་མིན་ཁྱད་ཆོས་མངོན་པའི་ལག་བཟོས་དངོས་པོ་ཉོ་བ་དང་། ཚོང་ཁང་གི་དཀའ་ངལ་སྣ་ཚོགས་ཐབས་ཅི་ནུས་ཀྱིས་སེལ་རོགས་བྱས་པ། གཞན་ད་དུང་ས་ཁུལ་ཁག་ནས་དང་བླངས་པ་ཁག་ཅིག་རང་འགུལ་གྱིས་དེ་གར་འོང་ནས་མཉམ་དུ་ཚོང་ཁང་བདག་གཉེར་བྱས་ནས་ད་བར་བསྡད་ཡོད་པ་རེད།

ཚོང་ཁང་ཆུང་ཆུང་གི་ལས་མི་ཡོངས།

ཚོང་ཁང་དེའི་མིང་ལ་གནའ་བ་ཟེར་ཞིང་། གནའ་བ་ཟེར་བ་དེ་གྲོག་རོང་གཡང་གཟར་དུ་འཚོ་གནས་བྱེད་པའི་རི་དྭགས་ཤིག་ཡིན། དཀའ་ངལ་ཡོད་པའི་མི་སྣ་རྣམས་འགྲན་རྩོད་ཅན་གྱི་སྤྱི་ཚོགས་ནང་གནས་པ་དེ་ཡང་གནའ་བས་གྲོང་རོང་གཡང་གཟར་རུ་འཚོ་གནས་བྱེད་པ་དང་འདྲ་བ་རྒྱུ་མཚན་དུ་བྱས་ནས་ཚོང་ཁང་དེའི་མིང་ལ་གནའ་བ་ཞེས་བཏགས་ཡོད།
ཚོང་ཁང་དེས་དཀའ་ངལ་ཡོད་པའི་མི་སྣའི་འཚོ་བའི་གནད་དོན་ཐག་གཅོད་བྱེད་པ་ཕུད། བྱིས་པ་རྣམས་བདེ་ཐང་ངང་འཚར་ལོང་ཡོང་བ་བྱེད་པར་རོགས་རམ་བྱེད་པ་སོགས་ཀུན་ཕན་སྤྱི་དོན་བྱེད་སྒོ་སྣ་ཚོགས་སྤེལ་ཏེ། རེ་འདོད་ཀྱིས་ཁེངས་ཤིང་བརྩོན་སེམས་ཡོད་པའི་བྱིས་པའི་རེ་བ་དང་སྨོན་འདུན་དེ་དག་ཚོང་ཁང་འདི་ནས་མངོན་འགྱུར་ཐུབ་པ་བྱེད་བཞིན་ཡོད།

ཚོང་ཁང་ཆུང་ཆུང་འདི་ལས་ཚོང་ཚོང་ཟོག་གི་རིན་ཐང་དམིགས་བསལ་ཅན་མངོན་ཐུབ་ཡོད་པ་དང་། འཚོ་བའི་རེ་བ་མངོན་འགྱུར་ཐུབ་པ་བྱུང་ཡོད་ལ། ལག་ཤེས་བཟོ་རྩལ་གྱི་སྲོལ་རྒྱུན་བཟང་པོ་རྒྱུད་འཛིན་དར་སྤེལ་བྱེད་བཞིན་ཡོད།

དེ་ནི་ནམ་ཡང་ང་ཚོར་བརྩེ་སེམས་ཀྱི་དྲོད་ཁོལ་ཚོར་བར་བྱེད་མཁན་ཚོང་ཁང་ཆུང་ཆུང་ཞིག་ཡིན་ལ། དམིགས་བསལ་མི་ཚོགས་ཁག་ཅིག་གི་དེང་གི་འཚོ་རྟེན་དང་མ་འོངས་པའི་རེ་བ་ཡང་ཡིན།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

རྩོམ་སྒྲིག་པ། མཁའ་སྤྱོད་དབང་མོ།

རྩོམ་སྒྲིག་འགན་འཁུར་བ། མིག་དམར་རྒྱལ་པོ།

   མདུན་ངོས་སུ་ལོག་པ།