གངས་འཁྱགས་ཁྲོད་ཀྱི་མ་བུའི་བརྩེ་དུང་།
2017-03-02 00:00:00
|
0

  ཁ་ན་ཏའི་ཆིའུ་ཅེ་ཨེར་གྲོང་ཁྱེར་ཧ་ཏེ་ཞུན་མཚོ་ཁུགས་ཀྱི་ནུབ་ངོགས་སུ་ཡོད་པའི་ཝ་ཕུ་སི་ཁ་རྒྱལ་ཁབ་སྤྱི་གླིང་ནི་འཛམ་གླིང་གི་བྱང་སྣེའི་དྲེད་དཀར་སྤྱན་གཟིགས་བྱེད་པའི་ས་གནས་མཆོག་ཏུ་གྱུར་པ་ཞིག་ཡིན།

  བྱང་སྣེའི་དྲེད་དཀར་ནི་གྲང་ངར་དགའ་བའི་སྲོག་ཆགས་ཤིག་ཡིན་པས་གྲང་ངར་ཇི་ཙམ་ཆེ་ན་དེ་ཙམ་གསོན་ཉམས་དོད་པོ་ཡིན། ཐིག་འོག་གི་གྲང་ཚད་ཏུའུ་1ནས2བར་ནི་བྱང་སྣེའི་དྲེད་དཀར་མཚོན་ན་ཧ་ཅང་དྲོ་ཆེ་བ་རེད། ཁོ་ཚོ་དུས་རྒྱུན་ཁ་སྦུབས་ནས་ངལ་གསོ་བྱས་ཤིང་གྲོད་ཁོག་འཁྱགས་རོམ་ལ་སྦྱར་ནས་ལུས་དྲོད་འཇགས་ཐབས་བྱེད་ཀྱི་ཡོད། ལོ་རེར་བྱང་སྣེའི་དྲེད་དཀར300ཡས་མས་ཧ་ཏེ་ཞུན་མཚོ་ཁུགས་ཀྱི་མཚོ་ངོས་སུ་དར་ཆགས་པར་སྒུག་སྟེ་འཁྱགས་རྡོག་གི་སྟེང་ནས་མཚོ་གཟིག་གི་དབུགས་ཁུང་བརྒྱུད་དེ་རྔོན་རྫས་གང་དུ་ཡོད་སའི་གནས་འཚོལ་ཞིབ་བྱས་ནས་མཚོ་གཟིག་བསད་དེ་སྣུམ་ཚིལ་གྱིས་ལུས་ཟུངས་གསོས་ཏེ་དགུན་བརྒལ་བ་རེད།

  བྱང་སྣེའི་དྲེད་དཀར་ཚང་མ་ནི་ཁེར་འགྲོས་བྱེད་ཅིང་རང་ཤེད་ཆེ་བ་ཤ་སྟག་ཡིན་ཞིང་། ལོ་རེའི་ཟླ་བ4པ་ནས5པའི་བར་ནི་སྦྱོར་སྒྲོལ་གྱི་དུས་ཚིགས་ཡིན་ལ། ཕོ་མོ་སྦྱོར་སྒྲོལ་བྱས་རྗེས་རང་ས་རང་འགྲོ་བྱས་པ་ལས་ཕན་ཚུན་འབྲེལ་འདྲིས་མི་བྱེད། བྱང་སྣེའི་དྲེད་དཀར་མོའི་རིགས་ལ་མངལ་སྦྲུམ་རྗེས་གངས་ཕུག་ནང་དུ་གབ་ནས་ཟླ་བ12རིང་གི་ཕྲུ་གུ་སྐྱེ་བའི་དུས་རིམ་སྒུག་ནས་བསྡད་ཅིང་། སྤྱིར་བཏང་བྱང་སྣེའི་དྲེད་དཀར་གྱི་མངལ་ལུག་ཐེངས་གཅིག་ལ་དྲེད་ཕྲུག་གཉིས་ནས་གསུམ་སྐྱེས་ཤིང་། ཆེས་མཐོ་བར་བཞི་སྐྱེས་པའི་ཟིན་ཐོ་འགོད་ཡོད། བྱང་སྣེའི་དྲེད་དཀར་སྐྱེ་མ་ཐག་རིང་ཚད་ལི་སྨི30དང་ལྗིད་ཚད་ཁེ700ཡས་མས་སུ་ཡོད་ཅིང་མིག་ཟུང་དམ་དུ་བཙུམས། ཧ་ལམ་ཟླ་བ་གཅིག་ཙམ་འགོར་རྗེས་གཞི་ནས་མིག་ལྟ་ཐུབ་ཀྱི་རེད། ཟླ་བ་གཅིག་དང་ཕྱེད་འགོར་རྗེས་འགྲོ་ཐུབ་ལ། ཟླ་བ4ནས5འགོར་རྗེས་ནུ་འོ་ཆད། དྲེད་ཕྲུག་མ་དང་མཉམ་དུ་གངས་ཕུག་ནང་དུ་སང་ལོའི་ཟླ་བ2པ་ནས3པའི་བར་དུ་གབ་ནས་བསྡད་རྗེས། དྲེད་མས་གཞི་ནས་དྲེད་ཕྲུག་ཁྲིད་དེ་གངས་ཕུག་གི་ཕྱི་རོལ་དུ་ཡོང་ནས་ཁོ་ཚོར་མཚོ་གཟིག་བཟུང་ཚུལ་སློབ་པ་རེད། དྲེད་ཕྲུག་འཚར་ལོངས་བྱུང་ནས་ལོ་གཉིས་སོང་རྗེས་ཨ་མ་དང་ཁ་བྲལ་ནས་རང་རྐྱ་འཕེར་བའི་འཚོ་བ་རོལ་འགོ་ཚུགས། བྱང་སྣེའི་དྲེད་དཀར་ལོ30ཡས་མས་སུ་འཚོ་སྡོད་ཐུབ་བོ།།

   མདུན་ངོས་སུ་ལོག་པ།