དོལ་པོའི་རི་མོ་བ་བསྟན་འཛིན་ནོར་བུ་དང་ཁོང་གི་སྨྱུག་རྩེ་ལས་འཁྲུངས་བའི་ཕ་ཡུལ་དོལ་པོ།
2018-02-24 10:22:00
|
0

རི་མོ་པ་བསྟན་འཛིན་ནོར་བུ་ལགས་ནི། ཕྱི་ལོ1971ལོར་མངའ་རིས་དོལ་པོ་བན་ཚང་དུ་སྐྱེས། ལོ་ཉི་ཤུ་མ་ཟིན་པར་ས་དེ་ནས་བསྡད་དེ། ཕའི་དྲུང་དུ་བོད་ཡིག་སློབ་ཞོར། ཐང་ག་དང་། ལྡེབས་རིས་འབྲི་ལུགས་སྦྱང་། ཁྱིམ་རྒྱུད་དེ་ནས་བསྟན་འཛིན་ནོར་བུ་བརྩིས་པའི་མི་རབས་ལྔའི་རིང་ལྷ་རིས་པའི་བརྒྱུད་པ་བར་མ་ཆད་དུ་བྱུང་ཞིང་། ཁོང་གི་སྤོ་ལགས་ཀརྨ་སྐུ་འཕྲེང་བཅོ་ལྔ་པ་མཁའ་ཁྱབ་རྡོ་རྗེའི་དངོས་སློབ་ཡིན་ལ། བན་ཚང་ཞེས་པའི་ས་ཆ་དེ་ནི་དོལ་པོ་བ་ཤེས་རབ་རྒྱལ་མཚན་གྱི་འཁྲུངས་ཡུལ་ཡང་ཡིན་པ་རེད། དོལ་པོ་བན་ཚང་གི་སྔགས་ཁྱིམ་དཀྱུས་མ་ཞིག་ནས་སྐྱེས་པའི་བསྟན་འཛིན་ནོར་བུ་ཡིས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་གནའ་བོའི་ལྷིང་འཇགས་ཀྱི་འཚོ་བ་དང་། གདོད་མའི་རང་བྱུང་གི་མཛེས་སྡུག་ལ་བློ་སེམས་གཅིག་ཏུ་ཤོར་དྲགས་ཏེ། དེ་ཉིད་རི་མོའི་ལམ་ནས་ཇི་ལྟར་མཚོན་ཐབས་ལ་འབད་པ་བྱས་ཤིང་། སྲོལ་རྒྱུན་གྱི་རི་མོའི་ལྕགས་རི་ལས་ཕྱིར་བུད་པ་རེད། མི་རྣམས་ཀྱིས་དེ་ལ《དོལ་པོ་བ་བསྟན་འཛིན་ནོར་བུའི་རི་མོ》ཞེས་ད་ཆ་འབོད་སྲོལ་ཆགས་ཡོད།

ད་ལྟ་ཁོང་གི་རི་མོའི་བརྩམས་ཆོས་དག་ཤར་ནུབ་གང་སར་དར་བཞིན་པའི་སྒང་རེད་ལ། ཨ་རི་དང་། ཧྥ་རན་སི། འཇར་པན། ཐེ་ཝན་སོགས་ནས་སྤྱི་སྒེར་གྱི་རི་མོའི་འགྲེམ་སྟོན་སྣ་ཚོགས་སུ་ཐེངས་མང་ཞུགས་པ་དང་། ཀྲུང་གོ་དང་། འཇར་པན། བལ་པོ་སོགས་ཀྱི་རི་མོའི་དུས་དེབ་གྲགས་ཆེན་མང་པོར་ཁོང་གི་རི་མོའི་བརྩམས་ཆོས་ཆེད་འགོད་བྱས་ཡོད། ཧྥ་རན་སིའི་གློག་བརྙན་འཁྲབ་ཁྲིད་པ་དང་། པར་བ་གྲགས་ཅནEric Valliཡིས་འཁྲབ་སྟོན་བྱས་པའི་གློག་བརྙན《ཧི་མ་ལ་ཡ》འི་ནང་དུ་(ལྟ་འདོད་ཚེ།www.bilibili.com/mobile/video/av3538518.html)ཁོང་དང་། ཁོང་གི་ཨ་མ་འདས་མོ་གཡང་འཛོམས་ལགས་གཉིས་ཀྱིས་འཁྲབ་སྟོན་བྱས་མྱོང་། ཉེ་ཆར་དོལ་པོ་བན་ཚང་གི་ཡུལ་དུ་ཁོང་དང་གྲོགས་པོ་གཉིས་མཉམ་སྦྲེལ་གྱིས་སློབ་མ་ཉིས་བརྒྱ་ལྷག་འདུས་པའི་སློབ་གྲྭ་ཞིག་ཀྱང་བཙུགས་ཡོད།

སྔོན་ནས་བསྟན་འཛིན་ནོར་བུ་ལགས་དང་འཛོམས་ཆད་བྱས་པ་བཞིན། ཕྱི་ལོ2016ལོའི་ཟླ12ཚེས18ཉིན་བལ་པོའི་ཀ་ཐ་མན་གྲུ་ཡི《བསྟན་འཛིན་ནོར་བུའི་རི་མོ་འགྲེམ་སྟོན་ཁང》ནས་འཛོམས་ཏེ། ཁོང་གི་གསར་རྩོམ་རི་མོའི་སྐོར་ནས་ཁ་བརྡ་བྱ་བའི་གོ་སྐབས་བྱུང་། དོལ་པོ་ནི་ད་ལྟ་བལ་པོའི་ཁྱབ་ཁོངས་སུ་གཏོགས་མོད། ཁ་བརྡ་བཤད་སྐབས་བསྟན་འཛིན་ནོར་བུས་དོལ་པོའི་ཡུལ་མི་བྱིངས་དང་འདྲ་བར་སྒྲ་དག་གསལ་གསུམ་གྱི་བོད་སྐད་ཆུ་རྒྱུག་རྒྱུག་བཤད་ཀྱིན་འདུག

ཁོང་ནི་གཤིས་ཀ་འཇམ་ཞིང་སྨྲ་སྒོ་ཧ་ཅང་ཡངས་མོ་ཅན་ཞིག་རེད། དྲིས་ལན་རྣམས་ལྷོད་པོ་དང་སྟབས་བདེ་བོ་བྱས་ཏེ་གོ་རིམ་ལྡན་པ་ཞིག་ལབ་ཀྱི་འདུག ཁོང་གིས་བཤད་པ་བཞིན། རི་མོ་དེ་དག་གི་ལྟག་རྒྱབ་ན་ལོ་རྒྱུས་རང་བཞིན་ལྡན་པའི་གཏམ་རྒྱུད་ཀྱི་བྱུང་བ་མང་ལ། གནའ་དེང་འགལ་འབྲེལ་གྱི་འཚོ་བའི་ཟུར་ཁ་བདོག མི་དང་མི་ཡི་བར་གྱི་བརྩེ་བའི་བསྡུས་གཟུགས་ཀྱི་ཆའང་མང་དུ་འདུས། ཞིབ་འབྲི་སྤྱད་པ་དང་། རགས་བསྡུས་ཀྱི་བྲིས་པ་གང་ཡིན་རུང་རང་རང་གི་ཁྱད་ཆོས་དེ་མངོན་སུམ་དུ་མཐོང་ཐུབ། འཇིག་རྟེན་ན་སྙན་ངག་པ་དང་རྣལ་འབྱོར་པ་གཅིག་པུས་སྣང་ཚུལ་དང་མྱོང་བ་དབྱེར་མེད་བསྲེས་ཏེ། བརྡ་དང་ཐ་སྙད་ཀྱིས་མཚོན་ནུས་ཀྱི་ཡོད་པ་བཞིན། བསྟན་འཛིན་ནོར་བུས་ཀྱང་རང་གི་འཚོ་བ་དང་འཆར་རྟོག་གི་བརྙན་རིས་ཐམས་ཅད་ཚོན་ཁ་སྡེབ་སྟངས་དང་། གསལ་སྒྲིབ་ཀྱི་བཀོད་འདེམ་ལ་བརྟེན་ནས་གཟུགས་ཅན་དུ་བསྒྱུར་ཐུབ་ཀྱི་ཡོད།

ཁོང་གིས་བཤད་རྒྱུར''ངའི་མི་ཚེ་དེ་ཅུང་ཁྱད་མཚར་བོ་ཞིག་ཡིན། ལོ་ཉི་ཤུའི་གོང་དུ་ངས་གློག་དང་། ཤིང་ནགས་སོགས་མཐོང་མྱོང་མེད་པར་གྲོང་གསེབ་རང་ནས་འཚོ་བ་བསྐྱལ་བ་རེད། ད་ལྟ་ཤར་ནུབ་ཀྱི་གྲོང་ཁྱེར་མང་དུ་བསྐྱོད་ཀྱིན་ཡོད་པ་རེད། དེ་ལྟ་བུའི་ངའི་མི་ཚེའི་ནང་སྔོན་མ་སྔོན་མའི་གྲོང་བསེབ་ཀྱི་འཚོ་བའི་ཉམས་མྱོང་ཡོད་པ་དང་། དེང་རབས་ཀྱི་འཚོ་བའང་ཡོད་པས། ཤུགས་རྐྱེན་དེའི་འོག་ངའི་རི་མོ་ལའང་གཞན་དང་མི་འདྲ་བའི་ཆ་ཞིག་ཐོན་ཡོད་པ་རེད།

ད་ལྟ་ངའི་བུས་ཀྱང་རི་མོ་སློབ་ཀྱིན་ཡོད་མོད་ངའི་རི་མོ་ནང་བཞིན་ཡོང་ཐུབ་ཀི་མི་འདུག གང་རེད་ཟེར་ན། ཁོང་ཚོར་དོལ་པོ་ས་ཆའི་གནས་སྟངས་ལ་ཁྱོན་ནས་ཉམས་མྱོང་མི་འདུག སློབ་གྲྭའི་ནང་ན་གཡག་དང་རི་ཡོད་པ་མ་རེད། དེ་བས་སོ་སོས་དངོས་སུ་མཐོང་བ་དང་། མིས་དེ་འདྲ་ཞིག་ཡོད་ཅེས་ལབ་པ་གཉིས་ཁྱོན་ནས་འདྲ་བ་མ་རེད། ང་རང་གིས་ལོ་ཉི་ཤུ་ཐམ་པའི་བར་ཏུ་གཡག་འཚོས་པ་ཡིན། གཡག་ལ་ཁལ་བཀལ་ནས་སོང་བ་ཡིན། མདོར་ན་དོལ་པོའི་ཡུལ་གྱི་འཚོ་བ་ཆ་ཚང་བ་ཞིག་བརྒྱ་ཆ་བརྒྱས་མྱོང་ཡོད་པ་རེད། དེའི་རྐྱེན་གྱིས་ད་ལྟ་ངས་རི་མོ་འབྲི་དུས་འཚོ་བ་དེ་དག་བསམ་བློའི་ནང་རང་བཞིན་གྱིས་སླེབས་ཡོང་གི་ཡོད་པ་རེད། དོལ་པོ་ན་ཡོད་དུས་ནས་རི་མོ་བྲིས་མོད། དོལ་པོ་ནི་དེ་འདྲའི་གལ་ཆེན་དང་རྩ་ཆེན་པོ་ཞིག་ཁྱོན་ནས་ཤེས་ཀི་མེད། ཕྱིས་སུ་ཕྱི་རྒྱལ་གྱི་མི་མང་པོས་དོལ་པོ་ནི་ལྷ་ཡུལ་ལྟ་བུ་ཞིག་ཡིན་ནམ་བསམས་ཏེ་ལྟ་ཞིབ་བྱས་པ་དང་མང་པོ་འོང་བ་རེད།

ང་རང་ཡང་ཕྱི་ལོ1991ལོར། Eric Valliདང་མཉམ་དུ་བལ་པོར་ཡོང་བ་ཡིན། དེ་དུས་བལ་པོ་ན་གློག་ཀླད་སོགས་གང་ཡང་མེད་ནའང་། ཐང་གའི་དེབ་དང་རི་མོའི་དེབ་མིང་དུ་མཐོང་རྒྱུ་ཡོད་པ་རེད། དེ་དུས་འཇར་པན་དུ་སྐད་གྲགས་ཡོད་པའི་རི་མོ་པ(Hokusai)ཧོ་གོའི་ས་སིའི་རི་མོ་མང་པོར་མཇལ་བྱུང་། (ལྟ་འདོད་ཚེ།www.pinterest.com/alinerib7/hokusai/ ) ཁོང་ཡང་ང་ནང་བཞིན་ཆུང་དུས་གྲོང་བསེབ་རང་དུ་བསྡད་མྱོང་པའི་རི་མོ་པ་ཞིག་རེད། དེ་ལྟར་མཐོང་ཐོས་དང་འབྲེལ་འདྲིས་མང་པོ་བརྒྱུད་དེ། ཕྱིར་ཕ་ཡུལ་ལ་བལྟ་དུས། གཞི་ནས་ཕ་ཡུལ་དོལ་པོའི་རི་ལུང་ཐམས་ཅད་ནི་དངོས་གནས་རི་མོ་རེད་འདུག སྙན་ངག་རེད་འདུག དེ་ནས་ང་ལ་དམིགས་བསལ་གྱིས་བརྩེ་བ་ཞིག་སླེབས་སོང་། ཕྱི་རྒྱལ་གྱི་རི་མོ་སོགས་རི་མོ་གཞན་དག་ལ་ཉམས་མྱོང་མེད་ལ་དགའ་ཞེན་ཡང་ཆུང་དུ་བུད་སོང་། དེ་ནས་ངས་དོལ་པོའི་ཡུལ་གྱི་བསམ་བློ་དང་འཚོ་བ་མཚོན་པའི་རི་མོ་བྲིས་པ་ཡིན། ཞེས''བཅར་འདྲིའི་ཁྲོད་དུ་བཤད་པ་བཞིན་བསྟན་འཛིན་ནོར་བུའི་རི་མོ་ནི་དོལ་པོ་མཐོང་སའི་མེ་ལོང་ཡིན་ལ། དོལ་པོའི་གཟུགས་འགྱུར་གྱི་སྣང་བརྙན་གཞན་ཞིག་ཡིན།

ཁོང་གི་རི་མོ་མང་དག་ལ་འདྲ་མཚུངས་སུ་བཀོལ་བའི་ཆ་ཞིག་ཀྱང་ཡོད་དེ། དེ་ནི་དཀར་གཙང་མངོན་པར་འཕགས་པའི་ཟླ་འོད་ཀྱི་གཙང་པོའི་ཀློང་ན། དལ་ཞིང་ལྷོད་པའི་མི་ཞིག་མངོན་ཆུང་ངང་བགྲོད་ཀྱིན་པ་དེ་རེད། བསྟན་འཛིན་ནོར་བུས་ཕྱིར་དྲན་བྱས་ཏེ་ལབ་པ་བཞིན། དོལ་པོའི་ཡུལ་དུ་གློག་གི་ཆ་རྐྱེན་མེད་སྟབས་ད་སྐབས་མི་རྣམས་ཀྱིས་གློག་གི་འོད་སྣང་ལ་ལོངས་སྤྱོད་པ་བཞིན། དེ་ཀའི་མི་རྣམས་ཀྱིས་ཡར་ངོས་ཟླ་བ་ཤར་སྐབས། ཟླ་འོད་ཀྱི་ཀློང་ན་མཚན་ལས་བྱེད་ཀྱི་ཡོད་པ་རེད། དཀར་འོད་ཀྱིས་དབེན་པའི་བསྟན་འཛིན་ནོར་བུའི་བྱིས་དུས་ཀྱི་འཚོ་བ་དང་ཡུལ་གྱི་གནས་ཚུལ་ནི་དེ་འདྲ་ཞིག་ཡིན་པས། བསམ་གཟས་ཏེ་མྱོང་གྲུབ་ཀྱི་ངང་ཚུལ་དེ་ཉིད་རི་མོའི་རྣམ་པར་འཕོ་འགྱུར་བྱེད་དུ་བཅུག་པ་རེད།

དེ་མིན་ད་དུང་མཐོང་སྣེ་གཞན་དང་གཞན་ནས་བལྟས་ན། གོ་རྒྱ་རྦད་དེ་ཐ་དད་དང་རྒྱ་ཆེན་པོ་ཡིན་པའི་ཆ་ཡང་བདོག་པར་སེམས་ཏེ། མཚོན་དོན་གྱི་ཀློང་ཡངས་པའི་བརྩམས་ཆོས་ཤིག་ཡིན་ཚེ། དེ་ལ་ཇི་ལྟར་གོ་ནུས་ན། དེ་ལྟར་གོ་ཆོག་པའི་རྩ་དོན་གྱི་རང་བཞིན་ཡོད་པས་སོ།།

དོལ་པོ་ནི་རི་འགག་དོག་ལ་རྐང་ལམ་ཙམ་ལས་མེད་པའི་གངས་འདབ་ཀྱི་ཡུལ་གྲུ་ཆུང་ཆུང་ཞིག་སྟེ། དུས་ད་དུང་ཡང་སྔོན་མའི་ལུགས་ལྟར། གཡག་ལ་ཁལ་བཀལ་ཏེ་གངས་ཁྲོད་ཀྱི་ལམ་དུ་བསྐྱོད་ཀྱིན་ཡོད་པ་རེད། སྣང་ཚུལ་དེ་ནི་བསྟན་འཛིན་ནོར་བུའི་སེམས་ལ་ཆེས་མཛེས་སྡུག་གི་སྣང་བརྙན་ཞིག་ཏུ་གྲུབ་ཡོད་པས། རི་མོའི་ཁྲོད་དུ་ཡུལ་དངོས་འཕོས་འགྱུར་བྱས་པ་བཞིན་གསོན་ཉམས་དོད་པོས་བྲིས་ཏེ། ཡུལ་གདུང་འདུ་ཤེས་ཀྱི་སེམས་ཚོར་ཞིག་གིས་སྣོན་པ་བཏབ་ཡོད།

བསྟན་འཛིན་ནོར་བུས་རི་མོའི་བདག་དབང་ཐད་ནས''ཉེ་ཆར་ཀྲུང་གོའི་བོད་ལྗོངསས་དྲ་བའི་འཕྲིན་སྟེགས་སྟེང་ངའི་རི་མོ་སྐོར་ཞིག་བཀོད་འདུག ངོ་སྤྲོད་ཀྱང་ཡག་པོ་བྲིས་བཞག དོ་སྣང་གནང་པར་དངོས་གནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཡིན་ནའང་འཛམ་གླིང་གི་སྒྱུ་རྩལ་པ་ཚང་མར་རང་རང་གི་བརྩམས་ཆོས་རང་བདག་བྱེད་པའི་ཐོབ་ཐང་ཞིག་ཡོད་པ་རེད། དང་པོ་བརྩམས་ཆོས་དེ་དྲ་བ་དང་རྒྱུད་ལམ་གང་དེར་འཇོག་འདོད་ཡོད་མེད་ཀྱི་བདག་པོ་ལ་སྐད་ཆ་དྲི་དགོས་པ་རེད། ང་ལ་སྐད་ཆ་གང་ཡང་དྲིས་མ་སོང་། དེ་བློ་ཕམ་རེད། རྗེས་ཕྱོགས་དྲ་བ་ཡིན་ན་རེད། དུས་དེབ་ཡིན་ནའང་རེད་ངའི་རི་མོ་དག་ཆོག་མཆན་མེད་པར་གང་སར་མི་འགོད་པའི་རེ་བ་ཞུ་བཞིན་ཡོད''ཟེར། དངོས་གནས་དེ་བཞིན་ཡིན་ཏེ། དྲ་བ་དང་འཕྲིན་སྟེགས་རྩོམ་སྒྲིག་པ་དག་གིས་རྩོམ་པ་པོ་དང་རྩོམ་སྒྲིག་ཁང་གི་ཆོག་མཆན་མེད་པར་བརྩམས་ཆོས་དག་གང་བྱུང་བཙན་འཕྲོག་མི་བྱེད་པའི་རེ་བ་ནན་གྱིས་ཞུ་བཞིན་ཡོད། བྱེད་སྟངས་འདིས་ནི་ཡར་ཐོན་ཅན་གཞན་དང་འདྲ་བའི་ང་ཚོར་རིག་གནས་ཀྱི་ཁོར་ཡུག་ཅིག་ཆགས་པར་གཏོར་བརླག་ཧ་ཅང་བྱེད་ཀྱི་འདུག

རྩོམ་འདིའི་སྦྲེལ་ཐགzachulab.com/bo/Video/2017-01-15/824.html


ཡོང་ཁུངས། རྫ་ཆུའི་རླབས་སྒྲ།
རྩོམ་པ་པོ། རྫ་སྐྱེས་ཕུར་བ།

   མདུན་ངོས་སུ་ལོག་པ།