སྒོ་མེ་ཚེ་རིང་བཀྲ་ཤིས་དང་ལྷན་དུ་སྒྲུང་གཏམ་གླེང་བ།
2017-11-07 10:37:00
|
0

ཁོ་བོའི་ལས་ཀ་ནི་ཚེ་གང་བོར་སྤྲོས་རྗོད་བྱེད་སྟངས་ཁྱད་པར་བ་ཞིག་འཚོལ་རྒྱུ་དེ་ཡིན།

—སྒོ་མེ་ཚེ་རིང་བཀྲ་ཤིས་དང་ལྷན་དུ་སྒྲུང་གཏམ་གླེང་བ།



པད་རིག—མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བྲག་དཀར་རྫོང་གི《བྲག་དཀར》དུས་དེབ་ཀྱི་གཙོ་སྒྲིག་པ།

སྒོ་མེ་ཚེ་རིང་བཀྲ་ཤིས། མཚོ་སྔོན་བོད་ཡིག་གསར་འགྱུར་གྱི་རྩོམ་སྒྲིག་པ།

པད་རིག སྒོ་མེ་ཚེ་རིང་བཀྲ་ཤིས་སྐུ་བདེ་མོ།

སྒོ་མེ་ཚེ་རིང་བཀྲ་ཤིས། བདེ་མོ།

པད་རིག ཉེ་ལམ་ཅི་ཞིག་ལ་བྲེལ་བཞིན་ཡོད།

སྒོ་མེ་ཚེ་རིང་བཀྲ་ཤིས། ཉེ་ལམ་འདི་དང་གན་ལ་བྲེལ་བཞིན་ཡོད་ཅེས་ཅང་བཤད་རྒྱུ་མི་འདུག གཞུང་ལས་ཀྱི་ཞོར་ལ་རྩོམ་འབྲི་དང་དཔེ་ཀློག ད་དུང་གློག་བརྙན་ལ་ལྟ་བ་སོགས་བྱས་ཏེ་ཉི་མ་སྐྱེལ་བཞིན་ཡོད།

པད་རིག དེས་ན་རྩོམ་རིག་གི་སྐོར་ནས་སྤྱང་རྟུག་ཅིག་འཕེན་རྒྱུ་ན།

སྒོ་མེ་ཚེ་རིང་བཀྲ་ཤིས། ཧ་ཧ། རྩོམ་རིག་གི་སྐོར་ནས་སྤྱང་རྟུག་ཅི་ཞིག་འཕེན་ནམ། རྩོམ་རིག་དེ་ཆེ་ས་ནས་བཤད་ན་རྒྱལ་ཁབ་དང་མི་རིགས་ལ་འབྲེལ་བའི་བྱ་གཞག་ཆེན་པོ་ཞིག་རེད། ཆུང་ས་ནས་བཤད་ན་ང་དང་ཁྱོད། ཡང་ན་རང་རང་མི་སྒེར་གྱི་ལས་ཀ་ཞིག་རེད། ལྷག་ཏུ་ཉེ་བའི་ལོ་འདི་འགའི་རིང་། ང་ལ་མཚོན་ན། རྩོམ་རིག་ནི་མི་སྒེར་གྱི་ལས་ཀ་ཞིག་ཡིན་པའི་འདུ་ཤེས་ཇེ་དྲག་ཏུ་འགྲོ་བཞིན་འདུག རྩོམ་རིག་ནི་མི་སྒེར་གྱི་བྱ་བ་ཞིག་ཡིན་པའི་སྟེང་དུ་བཞག་ཚེ། མི་སོ་སོའི་རྩོམ་རིག་ལ་བཟུང་བའི་ལྟ་ཚུལ་འདྲ་རྒྱུ་མ་རེད། དེས་ན་རྩོམ་རིག་ཟེར་བ་དེ་འདི་རེད་ཅེས་ཀུན་གྱིས་ཁས་འཆེས་པའི་སྡོམ་ཚིག་ཅིག་སྔོན་ཆད་བྱུང་མ་མྱོང་ལ་ཕྱིན་ཆད་ཀྱང་འབྱུང་མི་སྲིད། ཡང་གཅིག་བཤད་ན་གཅིག་མཐུན་གྱི་སྡོམ་ཚིག་ཅིག་མེད་པའི་དབང་གིས་རྩོམ་རིག་ཅེས་པ་དེ་འདི་འདྲའི་ཕུན་སུམ་ཚོགས་པ་ཞིག་ཏུ་གྱུར་པ་རེད། དེ་ལྟ་ནའང་། རྩོམ་རིག་ཟེར་བ་དེར་ཕྱིའི་སྒྲིག་གཞི་དང་ནང་དོན་གང་ཆ་ནས་ཇི་ལྟར་སྣ་མང་སྣེ་འཛིང་ཅན་དུ་གྱུར་ནའང་། བདེན་དགེ་མཛེས་གསུམ་ནི་ནམ་ཡང་རྩོམ་རིག་བརྩམས་ཆོས་ཡོད་དོ་ཅོག་གི་སྲོག་ལྟ་བུ་ཡིན་ནོ།།

པད་རིག སྒྲུང་གཏམ་བྲིས་མ་མྱོང་བ་ཞིག་གིས་ཁྱེད་ལ་སྒྲུང་གཏམ་སྐོར་ནས་གླེང་མོལ་བྱས་ན་དགོད་བྲོ་བ་ཞིག་ཡིན་ནམ།

སྒོ་མེ་ཚེ་རིང་བཀྲ་ཤིས། སྒྲུང་གཏམ་གླེང་མོལ་བྱེད་མཁན་ནི་ངེས་པར་སྒྲུང་གཏམ་བྲིས་མྱོང་པའམ་འབྲི་མཁན་ཞིག་ཡིན་དགོས་པའི་ངེས་པ་ག་ལ་ཡོད། སྒྲུང་གཏམ་དཔྱད་བརྗོད་པ་བགྲང་གིས་མི་ལངས་པ་དེ་དག་ཐམས་ཅད་ཀྱིས་སྒྲུང་གཏམ་བྲིས་ག་ལ་མྱོང་། འུ་ཅག་ལ་མཚོན་ནའང་། དགེ་རྒན་བདུད་ལྷ་རྒྱལ་གྱིས་ཀྱིས་སྒྲུང་གཏམ་ལ་དཔྱད་བརྗོད་དང་། སྒྲུང་གཏམ་སྐོར་གྱི་གླེང་མོ་བྱེད་ཀྱིན་འདུག་མོད། ངས་ཁོས་བྲིས་པའི་སྒྲུང་གཏམ་ཞིག་མཐོང་མ་མྱོང་། ཁྱོད་ཀྱིས་བལྟས་ན་དེ་འདྲ་ཨེ་རེད། ཧ་ཧ་ཧ།

པད་རིག ཀུ་རེ་ཡིན། ང་དྲི་བ་དྲིས་ན་ངར་བ་ཞིག་ཡིན།

སྒོ་མེ་ཚེ་རིང་བཀྲ་ཤིས། ངོ་མ་ངར་བ་ཞིག་གི་ཚུགས་ཀ་ཡོད་ཀི

པད་རིག ཧ་ཧ་ཧ། ཁྱེད་ཀྱི་ད་ལྟའི་བར་དུ་སྒྲུང་གཏམ་ག་ཚོད་བྲིས་ཟིན།

སྒོ་མེ་ཚེ་རིང་བཀྲ་ཤིས། ངས་ད་ལྟའི་བར་དུ་སྒྲུང་རིང་གཅིག་དང་། སྒྲུང་ཐུང་ཕྱོགས་བསྒྲིགས་དེབ་གཉིས་བྲིས་ཡོད། ཡིག་གྲངས་བརྩིས་ན་ཧ་ལམ་འབུམ་བདུན་ལྷག་རེད།

པད་རིག རེད། རང་ཉིད་ཀྱི་བྲིས་པའི་སྒྲུང་གཏམ་དེ་དག་ལས་ཁྱེད་རང་ཆེས་དགའ་བའམ་ཡིད་ཚིམས་པ་གང་ཡིན།

སྒོ་མེ་ཚེ་རིང་བཀྲ་ཤིས། ཁོ་བོས་བྲིས་ཟིན་གྱི་སྒྲུང་གཏམ་དག་ལས་གང་ལ་དགའ་ཞེ་ན་ང་ལའང་འདི་རེད་ཅེས་གཅིག་གཅིག་གཉིས་གཉིས་ཤིག་བཤད་རྒྱུ་མི་འདུག ཁོ་བོ་ནི་རྩོམ་དགའ་ཞིག་ལས་རྩོམ་པ་པོ་ཞེས་པའི་ཆོ་ལོ་དེ་དང་ད་དུང་རྒྱང་ཐག་རིང་། དེ་བས། ངས་བྲིས་ཟིན་པ་ཡོད་ཚད་སྦྱངས་རྩོམ་ལྟ་བུ་ཞིག་ལས་རྩོམ་རིག་གི་རིན་ཐང་དང་ལྡན་པ་ཡོད་མེད་བཤད་ཁག་པོ་རེད། ང་རང་ནམ་ཡང་རང་གི་བྲིས་ཟིན་གྱི་བརྩམས་ཆོས་དག་ལ་ཡིད་ཚིམས་མ་མྱོང་། བདག་ལ་མཚོན་ན་ཅིས་ཀྱང་གླེང་རི་བ་ཞིག་ནི། བདག་གི་གྲོ་ཞིང་ཁ་དང་འབྲེལ་བའི་སྒྲུང་ཐུང་དེ་དག་ནི་གསར་རྩོམ་གྱི་དཀྱོགས་མཚམས་ཟེར་ཡང་ཆོག གང་ལྟར་ཁོ་བོར་ཤུགས་རྐྱེན་ཆེ་ཞིང་ཕྱིན་ཆད་ཀྱི་གསར་རྩོམ་ཐད་ལམ་ཁ་གསར་པ་ཞིག་རྙེད་པ་ལྟ་བུ་ཡིན། མདོར་ན། ངས་ཅི་འདོད་གང་འདོད་དང་རྩེ་སྤྱད་དགོད་སྤྱད་བྱས་ཏེ་རྩོམ་ཡིག་བྲིས་མ་མྱོང་། ངས་རྩོམ་ཡིག་ཟེར་བ་དེ་རླབས་ཆེན་ཞིག་དང་། ཨ་མདོའི་ཁ་སྐད་ལྟར་ན་ཙ་ཡ་ཞིག་ཡིན་པར་འདོད་ཡོད།

པད་རིག ཁྱེད་ཀྱི་སྒྲུང་གཏམ་དང་སྙན་ངག་ཟུང་ལ་གོ་བ་ཇི་ལྟར་ལེན་གྱིན་ཡོད།

སྒོ་མེ་ཚེ་རིང་བཀྲ་ཤིས། སྒྲུང་གཏམ་ནི་ཨ་རག་དཀར་པོ་མཆོད་པ་ལྟ་བུ་དང་། སྙན་ངག་ནི་རྒུན་ཆང་དམར་པོ་མཆོད་པ་ལྟ་བུ་རེད། དེ་གཉིས་མཆོད་སའི་ཁོར་ཡུག་མི་འདྲ་ཞིང་། དེ་གཉིས་མཆོད་པའི་གོ་རིམ་ཡང་མི་འདྲ། འདྲ་ས་གཅིག་ཡོད་པ་ནི་དེ་གཉིས་གང་མཆོད་ཀྱང་མཐའ་མར་བཟི་འགྲོ་བ་དེ་རེད།

པད་རིག སྒྲུང་གཏམ་དང་སྙན་ངག་ཟུང་གསར་རྩོམ་བྱེད་དུས་ཚོར་པ་གཅིག་འདྲ་ཡིན་ནམ།

སྒོ་མེ་ཚེ་རིང་བཀྲ་ཤིས། དེ་ག་ལ་འདྲ། དེ་གཏན་ནས་མི་འདྲ། ཨ་རག་དཀར་པོ་དང་རྒུན་ཆང་དམར་པོ་གཉིས་འདྲའམ། ཧ་ཧ།

པད་རིག ཁྱེད་ལ་བག་ཆགས་བཞག་པ་ཆེས་ཟབ་པའི་བོད་ཀྱི་སྒྲུང་གཏམ་གང་ཡིན།

སྒོ་མེ་ཚེ་རིང་བཀྲ་ཤིས། ང་ལ་བག་ཆགས་ཟབ་པའི་བོད་ཀྱི་སྒྲུང་གཏམ་གང་ཡིན་ཟེར་ན། དེར་ཕྱིར་དྲན་ཞིག་བྱེད་དགོས། ངས་ཧ་ལམ་བོད་ཀྱི་རྩོམ་པ་པོ་རྣམས་ཀྱིས་བྲིས་པའི་སྒྲུང་གཏམ་མང་ཆེ་བ་བལྟས་ཡོད། སྒོས་སུ་དོན་འགྲུབ་རྒྱལ་དང་། སྟག་འབུམ་རྒྱལ། ཨ་སྨྱོན། རང་སྒྲ། གཅོད་པ་དོན་འགྲུབ། སྒོ་མེ་རྡོ་རྗེ་རིན་ཆེན། ལྗང་བུ། ཚེ་རིང་དོན་འགྲུབ་སོགས་རྩོམ་པ་པོ་ཅུང་རྒན་གྲས་ཀྱི་རྩོམ་མ་བལྟས་པ་མེད། དེ་དག་ཀུན་གྱིས་ང་ལ་བག་ཆགས་དང་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད་པ་སྨོས་མ་དགོས། ངེས་པར་སྒྲུང་གཏམ་འགའ་ཡི་ཁ་བྱང་གླེང་དགོས་ཚེ། 《སད་ཀྱིས་བཅོམ་པའི་མེ་ཏོག》དང་། 《འདྲེ་རྐང་ཏོ》《སྡེ་དཔོན》《སྤྱང་ཀི་དང་ལུག་རྫི། ད་དུང་ཁོའི་ཆུང་མ》《ཕུགས་བསམ》《ར་ལོ》《གངས》སོགས་སོ།།

པད་རིག ཁྱེད་ཀྱིས་དེའི་བཟང་ཆའི་ཐད་ལ་ཇི་ལྟར་སློབ་སྦྱོང་བྱས་པ་ཡིན།

སྒོ་མེ་ཚེ་རིང་བཀྲ་ཤིས། ཐོག་མར་སྒྲུང་གཏམ་དེ་དག་གི་ཚིག་ལ་སློབ་སྦྱོང་བྱས་པ་ཡིན། ཕྱིས་སུ་སྒྲུང་གཏམ་དེ་དག་གི་སྒྲིག་གཞི་དང་སྤྲོས་རྗོད་བྱེད་སྟངས་སོགས་ལ་མཉམ་བཞག་པ་ཡིན།

པད་རིག ཁྱེད་རང་ཆེས་དགའ་བའི་བོད་ཀྱི་དེང་རབས་ཀྱི་སྒྲུང་གཏམ་པ་སུ་ཡིན། རྒྱུ་མཚན་ཅི།

སྒོ་མེ་ཚེ་རིང་བཀྲ་ཤིས། ང་རང་ཆེས་དགའ་སའི་བོད་ཀྱི་སྒྲུང་གཏམ་པ་ནི་སྟག་འབུམ་རྒྱལ་ཡིན། ཁོའི་རྩོམ་རིག་གསར་རྩོམ་ལ་བཟུང་བའི་རྣམ་འགྱུར་དང་། ཁོའི་རྩོམ་རིག་གསར་རྩོམ་ཁྲོད་ཀྱི་ཚོད་ལྟ་སྣ་ཚོགས་ནི་ང་ཚོ་ཕྱི་རབས་པ་ཀུན་གྱི་མིག་དཔེ་ལྟ་ས་རེད། ལྷག་ཏུ་ཁོའི་སྒྲུང་གཏམ《ཉིན་གཅིག་གི་ཆོ་འཕྲུལ》དང《སྡེ་དཔོན》《ཧཱ་པ་གསོས་པའི་ཟིན་ཐོ》སོགས་ནི་བོད་ཀྱི་དེང་རབས་སྒྲུང་གཏམ་ཁྲོད་ཀྱི་རྩོམ་རབ་ཏུ་བགྲང་ཆོག་པར་འདོད།

པད་རིག ཁྱེད་ཀྱིས་སྒྲུང་གཏམ་ལ་གོ་བ་ཇི་ལྟར་ལེན་གྱིན་ཡོད།

སྒོ་མེ་ཚེ་རིང་བཀྲ་ཤིས། སྒྲུང་གཏམ་ལ་གོ་བ་ཇི་ལྟར་ལེན་བཞིན་ཡོད་ཅེ་ན། གཏམ་རྒྱུད་ནི་ག་ས་གང་དུ་ཡོད་ལ། གཏམ་རྒྱུད་གཅིག་ཡིན་རུང་། བཤད་མཁན་མ་འདྲ་ན་གཏམ་རྒྱུད་མི་འདྲ་བ་ལྟ་བུ་རེད། བཤད་ཤེས་མཁན་ཞིག་གི་ཁ་ནང་དུ་བཞག་ཚེ། དེས་ཉན་མཁན་ལ་དགའ་སྐྱོ་ཆགས་སྡང་གི་ཚོར་ཅི་རིགས་སྟེར་ཐུབ། བཤད་མི་ཤེས་མཁན་ཞིག་གིས་བཤད་ཚེ། དེར་ཉན་རྒྱུ་ཅི་ཡང་མེད་པ་ལྟ་བུ་རེད། སྒྲུང་གཏམ་ཡང་དེ་འདྲ་སྟེ། ང་ཚོས་ཇི་ལྟར་སྤྲོས་རྗོད་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ཡང་གཅིག་བཤད་ན་ཁོ་བོའི་ལས་ཀ་ནི་ཚེ་གང་བོར་སྤྲོད་རྗོད་བྱེད་སྟངས་ཁྱད་པར་བ་ཞིག་འཚོལ་རྒྱུ་དེ་ཡིན་པ་འདྲ།

པད་རིག ཁྱེད་ཀྱི་སེམས་སུ་སྒྲུང་གཏམ་ནི་ཕུ་ནུ་ལྟ་བུའམ་གྲོགས་པོ་ལྟ་བུ་ཁ་ཟས་ལྟ་བུ་ཡང་ན་དགའ་རོགས་ལྟ་བུའི་རིམ་པ་གང་གི་གྲས་སུ་གཏོགས།

སྒོ་མེ་ཚེ་རིང་བཀྲ་ཤིས། ངའི་སེམས་སུ་སྒྲུང་གཏམ་ནི་ག་འདྲ་ལྟ་བུ་ཞིག་ཡིན་ནམ། ངེས་པར་ཁྱེད་ཀྱིས་བཏོན་པའི་དྲིས་ལན་བཞི་ལས་གཅིག་གདམ་དགོས་ཚེ་ཁག་པོ་རེད། མང་འདེམ་བྱས་ཆོག་ཚེ། ཕུ་ནུ་ལྟ་བུའམ་གྲོགས་པོ་ལྟ་བུ། ཁ་ཟས་ལྟ་བུ། ཡང་ན་དགའ་རོགས་ལྟ་བུ། ཚང་མ་རེད།

ཡོང་ཁུངས། འཕགས་ཆེན་འཕྲིན་སྟེགས།
རྩོམ་སྒྲིག་པ། རྟ་མགྲིན།

   མདུན་ངོས་སུ་ལོག་པ།