▪བོད་ཀྱི་ཕྲུ་གུའི་སློབ་གསོ་ལས་འཕྲོས་པའི་གཏམ།
2017-10-13 11:37:00
|
0

ལམ་གྱི་མཛེས་ལྗོངས།
གཅན་ཚ། རིག་ལྡན་རྒྱ་མཚོ།

མིའི་རིགས་འཕེལ་བའི་ལོ་རྒྱུས་ནང་། ཕྲུ་གུའི་སློབ་གསོ་ནི་ནམ་ཡང་མཐོང་ཆེན་དུ་བརྩིས་ནས་བྱུང་བ་ཞིག་རེད། བསྐལ་པ་ཡ་ཐོག་ལ་མཚོན་ན། མིའི་རིགས་ཀྱིས་རང་གི་འཚོ་ཐབས་ཆེད་གཅན་གཟན་ལ་འཐབ་པ་དང་། སྲོག་ཆགས་གསོད་པ། རང་བྱུང་གི་གནོད་པར་གཡོལ་ཏེ། འཁྲུག་རྩོད་དང་འཐབ་རེས་ཀྱི་ཁྲོད་ནས་མི་རྒྱུད་སྤེལ། ཁོ་ཚོས་ཉམས་མྱོང་ཕྱོགས་སྡོམ་བྱས་ཏེ་ཕྲུ་གུ་ཚོར་རང་ཚུགས་ཀྱི་ནུས་པ་སྐྱེད་སྲིང་བྱེད་པ་དང་། གསར་བྱུང་གི་ཉམས་མྱོང་རྣམས་གཅིག་ཁས་གཉིས་བརྒྱུད་བརྒྱ་ཁས་སྟོང་བརྒྱུད་ལྟར་མིའི་རིགས་ཀྱི་ཆེས་ཐོག་མའི་ཕྲུ་གུའི་སློབ་གསོར་གྲུབ། དེ་ཡང་དཔེར་ན། ལུས་ལ་རྨ་བཟོས་པས་ཁྲག་དམར་འབྱུང་ཞིང་། ཁྲག་དམར་མང་དུ་ཐོན་པས་ཚེ་སྲོག་ཤོར་འགྲོ་བའི་ཉམས་མྱོང་གི་ཐོག་ནས། དམར་པོ་ནི་ཚེ་སྲོག་གི་ཉེན་ཁའི་མཚོན་བྱེད་དུ་བརྩི་བཞིན་པ་ལྟ་བུའང་བསྐལ་པ་ཡ་ཐོག་གི་བྱིས་པའི་བརྡ་འཕྲིན་ཞིག་གི་རྒྱུན་མ་ཆད་པར་ད་ལྟའི་བར་སྐྱེལ་ཡོང་བ་རེད། དོན་ལ་ང་ཚོའི་མིག་སྔར་གྱི་ཤེས་རིག་གི་གྲུབ་འབྲས་འདི་ཡང་བསྐལ་པ་ཡ་ཐོག་ལ་ཕ་མེས་ཚོས་རྡོ་གཙུབ་པ་ལས་མེ་བླངས་པ་སོགས་ཀྱི་གདོད་མའི་ཤེས་བྱའི་རྨང་གཞི་རེ་རེ་ཕྲུ་གུ་ཚོར་བསླབས་པ་ལས་རྒྱ་བསྐྱེད་བྱུང་བ་མ་ཡིན་ནམ།

ཕྲུ་གུའི་སློབ་གསོ་ནི་མིའི་རིགས་ཀྱི་ཉམས་མྱོང་ཕྱོགས་སྡོམ་བྱས་པའི་ཤེས་རིག་གི་གྲུབ་འབྲས་རེ་རེ་བཞིན་ཉིང་བསྡུས་དང་སྟབས་བདེའི་ངང་ནས་ཕྲུ་གུ་ཚོར་བསླབ་ཏུ་འཇུག་པ་དང་། ཕྲུ་གུ་ཚོ་ནར་སོན་ཚེ་དེའི་རྨང་གཞིའི་སྟེང་ནས་མུ་མཐུད་དུ་འཚོལ་ཞིབ་བྱས་ཏེ་རྙེད་པའི་གསར་བྱུང་གི་ཤེས་བྱ་རྣམས་ཡང་བསྐྱར་ཁོ་ཚོའི་ཕྲུ་གུ་ཚོར་སློབ་ཏུ་འཇུག་པ་ཞིག་རེད། དེ་ཡང་མིའི་རིགས་ཀྱི་རྒྱུན་རིང་པོའི་ལོ་རྒྱུས་ཁྲོད་ནས་གསོག་ཉར་བྱུང་བའི་ཤེས་བྱ་ནི་སྣ་མང་རྙོག་འཛིང་ཅན་ཞིག་ཡིན་ཞིང་། ལ་ལ་ནི་ངེས་པར་ཤེས་དགོས་པ་དང་། ལ་ལ་ནི་ཤེས་ཆོག་ལ་མ་ཤེས་ཀྱང་གནོད་པ་མེད་པ། ལ་ལ་ནི་ཆེད་ལས་ཀྱིས་མ་གཏོགས་བེད་སྤྱོད་མི་གཏོང་བ་སོགས་རིགས་མང་དུ་ཡོད་པས། ཕྲུ་གུ་ཚོས་དེ་དག་རེ་རེ་བཞིན་ཁོང་དུ་ཆུད་རྒྱུ་ནི་དངོས་ནས་དཀའ་ལས་ཁག་པོ་ཡོད། དེ་བས་ཕྲུ་གུའི་སློབ་གསོར་དོ་སྣང་བྱེད་མཁན་ཚོས་ཕྲུ་གུ་ལ་ཆེད་དུ་ཕྲུ་གུའི་སློབ་གསོ་ཞེས་པའི་དེབ་མང་པོ་འབྲི་བཞིན་ཡོད། ཁོ་ཚོའི་འདོད་པ་ལྟར་ན། ཕྲུ་གུའི་སློབ་གསོ་ནི་ཤེས་བྱ་མ་བསླབ་སྔོན་གྱི་འཇུག་སྒོ་ཞིག་ཡིན་པ་སྟེ། ཕྲུ་གུར་གོམས་གཤིས་ཡག་པོ་སློབ་པའམ། ཕྲུ་གུའི་དགའ་ཕྱོགས་སྐྱེད་སྲིང་བྱེད་པ། ཕྲུ་གུའི་རང་ཚུགས་ལ་རྒྱབ་སྐྱོར་བྱེད་པ། ཕྲུ་གུའི་དམིགས་བསལ་ཅན་གྱི་ནུས་པ་ངོས་འཛིན་བྱས་ཏེ་སྐྱེད་སྲིང་བྱེད་པ་སོགས་རེད། འདི་དག་ནི་དོན་ངོ་མར་ཕ་མའི་སློབ་གསོ་ཞིག་དང་ཡང་འདྲ། ཡིན་ཡང་། ཕྲུ་གུའི་སློབ་གསོ་ཞེས་བརྗོད་ཚེ་མི་ཚང་མས་འདིའི་རིགས་ལ་གོ་བ་ལེན་ལོབས་སུ་གྱུར་འདུག

འདི་རུ་ཆེད་དུ་སྨྲ་དགོས་པ་ཞིག་ནི། བོད་མིས་ཕྲུ་གུའི་སློབ་གསོར་ངོས་འཛིན་སྟངས་དམིགས་བསལ་བ་ཞིག་ཡོད། ཀུན་གྱིས་ཤེས་གསལ་ལྟར། བོད་ཀྱི་ཤེས་རིག་ནི་ཤིན་ཏུ་གཏིང་དཔོག་དཀའ་ཞིང་། བསླབ་རིམ་ཡང་མང་དུ་དགར་ཡོད། ཇི་བཞིན་དུ་བདག་གིས་བསམ་ན། བོད་མིས་སྤྱི་ཚོགས་ཀྱི་དགོས་མཁོ་དང་བསྟུན་ནས་ཕྲུ་གུར་སློབ་གསོ་གཏོང་སྟངས་ཀྱང་རིམ་པ་ཁ་ཤས་སུ་ཕྱེ་འདུག་སྟེ། གཅིག་ནི། སྣ་གཅིག་རང་བཞིན་ཅན་གྱི་མི་གཤིས་ངོ་སྤྲོད་དང་། གཉིས་ནི། སྣ་མང་རང་བཞིན་ཅན་གྱི་མི་གཤིས་ངོ་སྤྲོད། གསུམ་ནི། རྙོག་འཛིང་རང་བཞིན་ཅན་གྱི་མི་གཤིས་ངོ་སྤྲོད་བཅས་ཡིན་ལ། དེ་དག་ལ་བརྟེན་ནས་གཙོ་གནད་དུ་གསེད་བཀྲོལ་བྱེད་རྒྱུ་ནི་སྤྱི་ཚོགས་ཐོག་གི་བདེན་རྫུན་དང་དཀར་ནག་གི་དབྱེ་བ་འབྱེད་རྒྱུ་ཡིན་པ་མ་ཟད། ད་དུང་གསར་གཏོད་རང་བཞིན་ལྡན་པའི་རིག་པ་ཕྲ་རགས་མང་པོའང་སློབ་པ་རེད། འདི་ནི་མཁས་པས་དཔེ་དེབ་ཏུ་བརྩམས་པ་མ་ཡིན་པར་མི་སེར་གྱི་ཉམས་མྱོང་ཁྲོད་ནས་བྱུང་འདུག ཡང་གཅིག་བསམ་ན། སངས་རྒྱས་ཆོས་ལུགས་མ་དར་སྔོན་གྱི་བཙན་པོའི་སྐུ་རིང་ལ་བོད་མིའི་འཇིག་རྟེན་ལྟ་ཚུལ་ནི་དོན་དངོས་ལ་གཞིགས་ནས། གཉེན་ལ་དྲང་གཞག་དང་དགྲ་ལ་ཤ་འཁོན། བཟང་ལ་དྲིན་གཟོ་དང་ངན་ལ་ཡ་ལན་སྤྲོད་པ་ཞིག་ཡིན། སངས་རྒྱས་ཆོས་ལུགས་དར་བ་ནས་བཟུང་། ལྟ་ཚུལ་དེའང་རིམ་གྱིས་འཕོ་འགྱུར་བྱུང་སྟེ། སེམས་ཅན་ཐམས་ཅད་མ་རུ་བཀུར་བའི་འདུ་ཤེས་ཤིག་གསར་དུ་ཁ་སྣོན་བྱུང་སྟེ། དགྲ་དང་ངན་པ་སུ་ཡིན་ཡང་གུ་ཡངས་གནང་འོས་པའི་བསམ་བློ་ཁྱད་པར་བ་ཞིག་བྱུང་བར་བརྟེན། སྤྱི་ཚོགས་ཀྱི་སྒྲིག་གཞི་དང་དོ་དམ། སློབ་སྟོན་སོགས་ཕྱོགས་སོ་སོ་ནས་བག་ལྷོད་ཀྱི་རྣམ་པ་ཅན(ངང་རྒྱུད་རིང་པོ་ཞེས་ཀྱང་བརྗོད)དུ་མདུན་སྐྱོད་བྱེད་མགོ་ཚུགས་ཤིང་། རིམ་བཞིན་བཙན་པོའི་དུས་སྐབས་ཀྱི་རིན་ཐང་གི་ལྟ་ཚུལ་རྨང་ནས་འཆོལ་མགོ་བརྩམས། ཡིན་ཡང་། དགོན་སྡེའི་སློབ་སྟོན་གྱིས་མི་སེར་གྱི་འཚོ་བར་ཁ་རུ་ཁ་ཐུག་གིས་དར་རྒྱས་གཏོང་ཐབས་བྲལ་བར་གྱུར་པར་མ་ཟད། ད་དུང་སངས་རྒྱས་ཆོས་ལུགས་ནི་གོ་དོན་ཧ་ཅང་གཏིང་ཟབ་པོ་ཡོད་པས་དགོན་སྡེ་དང་མི་སེར་གྱི་བར་དུ་རིག་གནས་ཀྱི་བར་ཁྱད་མ་བྱུང་རང་བྱུང་དུ་གྱུར་ལ། མི་སེར་གྱིས་བཙན་པོའི་དུས་སྐབས་ཀྱི་ཤེས་རིག་རྩ་བ་ནས་དོར་ཐབས་བྲལ་ཏེ་མུ་མཐུད་དུ་འཛིན་སྐྱོང་བྱེད་དགོས་ཐུག་ཡོད། དེ་ལྟར་ནའང་། མི་སེར་གྱིས་སངས་རྒྱས་ཆོས་ལུགས་ཁྲོད་ནས་བྱུང་བའི་བྱམས་སེམས་དང་སྙིང་རྗེ། རང་ལས་གཞན་གཅེས། དགྲ་གཉེན་དབྱེར་མེད་ཀྱི་དགོངས་དོན་མཆོག་ཏུ་གྱུར་པ་དག་ལ་ཡིད་ཆེས་དང་གོང་བཀུར་བྱས་ཏེ་བཙན་པོའི་དུས་སྐབས་ཀྱི་རིན་ཐང་གི་ལྟ་ཚུལ་ཁྲོད་དེ་དང་ཆ་འདྲ་བ་ཞིག་ལག་ལེན་བྱས་ཤིང་ཡུན་རིང་བེད་སྤྱོད་བྱུང་བས། བོད་ཀྱི་རིག་གནས་ནི་སྔར་ལས་ཕུན་སུམ་ཚོགས་པར་གྱུར། དེ་བས། ཕྲུ་གུའི་སློབ་གསོའི་ཁྲོད་དུའང་སྐབས་འགར་བལྟས་ན་བཙན་པོའི་དུས་སྐབས་ཀྱི་ཤེས་རིག་གི་ཁྱད་ཆོས་ལྡན་པ་དང་། ཡང་སྐབས་འགར་བལྟས་ན་སངས་རྒྱས་ཆོས་ལུགས་ཀྱི་ལྟ་བའི་ཤན་ཤུགས་ཆེ་བ་ཞིག་ཏུ་མཐོང་ཐུབ། གང་ལྟར་ཡང་བོད་མིས་སྔ་མོ་ནས་ཕྲུ་གུའི་སློབ་གསོ་ལ་དོ་སྣང་ཆེན་པོ་བྱུང་ཡོད་ལ། ཕྲུ་གུ་ནི་མི་རྒྱུད་ཅིག་གི་རྗེས་སྐྱོང་བ་དང་ཚོ་སྡེ་ཞིག་གི་ཤུལ་འཛིན་ཡིན་པར་དོ་སྣང་གལ་ཆེན་བྱས་འདུག

བོད་མིས་ཕྲུ་གུའི་སློབ་གསོ་ལ་དེ་འདྲའི་ལྟ་སྟངས་ཤིག་བཟུང་ན་ཡང་། དགྲ་གཉེན་དབྱེར་མེད་ཀྱི་བསམ་བློའི་བརྡ་འཕྲིན་ཞིག་གིས་ག་ལེར་དགྲ་ལ་ཤ་འཁོན་དང་ངན་ལ་ཡ་ལན་སྤྲོད་པའི་སྤོབས་སེམས་རབ་ཏུ་བཅོམ་སྟེ། ཕྲུ་གུའི་སློབ་གསོའི་ཁྲོད་དུའང་གནད་ཐོག་ཏུ་འཁེལ་ཞིང་རང་སྐྱ་ཐུབ་པའི་ལྟ་ཚུལ་ཞིག་བརྒྱུད་སྒྲོག་བྱེད་ཐབས་བྲལ་འདུག ཡིན་ཡང་། བཙན་པོའི་དུས་སྐབས་སུ་སྲ་མཁྲེགས་ཆགས་པའི་ཕྲུ་གུའི་སློབ་གསོའི་སྒྲིག་གཞི་ལ་འགྱུར་བ་གཏོང་ཐབས་མེད་པར། ད་ལྟའང་ཉམས་རྒུད་དུ་གྱུར་པའི་ཤེས་རིག་གི་ཤུལ་རྗེས་རབ་རིབ་ཅིག་མཐོང་ཐུབ་ཀྱིན་ཡོད།

རེད་དེ། བཙན་པོའི་དུས་སྐབས་ཀྱི་ཕྲུ་གུའི་སློབ་གསོ་ནི་གཙོ་བོར་སྒྲུང་གི་ལམ་ནས་སྟོན་པ་ཞིག་རེད། སྒྲུང་ནི་སློབ་གསོ་ཡིན་ལ། སྒྲུང་སྐྱོང་མཁན་ཞེས་པ་ནི་སློབ་གསོའི་སྡེ་ཁག་ཡིན། དུས་སྐབས་དེར་སྒྲུང་ནི་གང་བདེར་བརྗོད་པའམ། གང་ཞིག་བརྗོད་འདོད་པ་ལྟར་བརྗོད་ཆོག་པ་ཞིག་རྩ་བ་ནས་མ་རེད། སྒྲུང་སྐྱོང་མཁན་གྱིས་སྒྲུང་ནི་རིགས་ཆེན་པོ་གསུམ་དུ་དགར་ནས། སྒྲིག་གཞི་དེའི་རྨང་གཞིའི་ཐོག་དྲིལ་སྒྲོག་བྱེད་པ་ཞིག་ཏུ་སྣང་། དེ་བས། སྒྲུང་མཁན་ནམ་སྒྲུང་པ་ཞེས་པའི་སློབ་གསོའི་ལས་རིགས་ཀྱི་མིང་ཐོབ་འཛིན་མཁན་བྱུང་བ་དང་།

ཁོ་ཚོས་ཕྱོགས་སོ་སོ་དང་ཚོ་སྡེ་སོ་སོར་སྒྲུང་བརྒྱུད་སྒྲོག་བྱེད་ཅིང་། མི་སེར་ཚོས་སྒྲུང་ལ་བརྟེན་ནས་སྤྱི་ཚོགས་ཐོག་གི་དཀར་ནག་དབྱེ་འབྱེད་བྱེད། ཁ་གསལ་པོར་སྨྲས་ན། སློབ་གསོར་བརྟེན་ནས་དཀར་ནག་དབྱེ་འབྱེད་བྱེད་པ་དང་དོན་གཅིག་ཡིན། གོང་དུ་སྨྲས་པ་བཞིན་སྒྲུང་ནི་རིགས་ཆེན་པོ་གསུམ་དུ་དགར་བ་ཞེས་པ་མིག་སྔར་ཡིག་ཆ་སོགས་ལས་མ་མཐོང་ཡང་། མི་སེར་གྱི་ངག་རྒྱུན་ལས་མཆེད་པའི་སྒྲུང་སྣ་ཚོགས་ལ་གཞིགས་ན་དེ་འདྲའི་རིགས་དགར་སྟངས་ཀྱི་ཤུལ་རྗེས་རྙེད་ཐུབ་པ་སྟེ། དཔེར་ན། ཕྲུ་གུའི་སྒྲུང་སྣ་ཚོགས་ལས། ཉན་ལོབས་སུ་སོང་བ་ནི་རི་བོང་དང་། སྤྱང་ཀི། ཝ་མོ། དྲེད་མོང་སོགས་གཙོ་བོར་གྱུར་ཡོད་ལ། བོད་མིའི་དྲན་སྣང་ཁྲོད་ཀྱི་སྲོག་ཆགས་དེ་དག་གི་རང་གཤིས་དང་མི་རིགས་གཞན་པའི་མིའི་དྲན་སྣང་ཁྲོད་ཀྱི་སྲོག་ཆགས་དེ་དག་གི་རང་གཤིས་ལ་ཁྱད་པར་ཆེན་པོ་ཡོད། བོད་མིའི་དྲན་སྣང་ཁྲོད་ཀྱི་སྲོག་ཆགས་དེ་དག་གི་རང་གཤིས་ནི་ཅི་ལྟ་བུ་ཞིག་ཡིན་ནམ་ཞེ་ན། རི་བོང་ནི་བློ་རིག་ལྡན་ལ་ཐབས་ཤེས་འཛོམས་པ། སྤྱང་ཀི་ནི་རང་ཤེད་ཆེ་ཞིང་གདུག་རྩུབ་ལྡན་པ། ཝ་མོ་ནི་གཡོ་སྒྱུ་ཆེ་ལ་ཕྲ་མ་ཚང་བ། དྲེད་མོང་ནི་གླེན་རྟགས་ཚ་ཞིང་གཏི་མུག་ཅན་ཞིག་གི་རང་གཤིས་རེ་རེ་བཞིན་གསལ་པོར་དྲན་སྣང་དུ་འཆར་ཐུབ། མི་རིགས་གཞན་པའི་ཁྲོད་དུའང་བཤད་རྒྱུན་འདི་ལྟ་བུ་ཡོད་དུ་སྲིད་མོད་ཀྱང་། བོད་མིའི་དེ་ལྟར་འདོད་པ་ལ་རྒྱབ་ལྗོངས་གལ་ཆེན་ཞིག་ཡོད་པ་སྟེ། དེ་ནི་གནའ་བོའི་དུས་ཀྱི་སྒྲུང་གི་སྒྲིག་གཞི་ལས་རིགས་ཆེན་པོ་གཅིག་ཆགས་འདུག

སྒྲུང་དེ་ཉིད་རིགས་ཆེན་པོ་གསུམ་དུ་དགར་བ་ལས་དང་པོ་ནི་འདི་ཉིད་རེད་ཅེས་བརྗོད་རྒྱུ་ཡིན། ཕྲུ་གུ་ནར་སོན་ཏེ་མི་གཞན་ལ་འབྲེལ་འདྲིས་མ་བྱས་པའི་སྔོན། སྤྱི་ཚོགས་ཐོག་ཏུ་མི་ཡི་རང་གཤིས་ཅི་འདྲ་དང་གང་འདྲ་ཡོད་པ་ངོ་སྤྲོད་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་ཡིན་ལ། དེ་ཡང་མི་གཅིག་དམིགས་སུ་དགར་ནས་དེ་བློ་རིག་ཅན་ཞིག་ཡིན་ཞེས་དང་། དེ་གདུག་རྩུབ་ཅན་ཞིག་ཡིན་ཞེས་པ། དེ་གཡོ་སྒྱུ་ཅན་ཞིག་ཡིན་ཞེས་པ། དེ་གླེན་རྟགས་ཅན་ཞིག་ཡིན་ཞེས་སློབ་གསོ་བཏང་ཚེ། ལོ་བཞི་ལྔ་ཅན་གྱི་ཕྲུ་གུས་གོ་བ་ལེན་ཁག་པོ་ཡིན། མི་ནི་ཕྱིའི་རྣམ་པའི་ཆ་ནས་ཕན་ཚུན་གཅིག་འདྲ་ཆགས་ཡོད་པས་རེད། དེ་བས་མི་ཡི་ཚབ་ཏུ་ཁོ་ཚོའི་ཁོར་ཡུག་གི་ཆེས་ཆ་རྒྱུས་ལྡན་པའི་སྲོག་ཆགས་དཔེར་བླངས་ནས་དེ་དག་གི་རྣམ་འགྱུར་ལ་དཔྱད་ཅིང་། དེ་དག་ལ་སྒྲོ་འདོགས་ཀྱི་སྒོ་ནས་རང་གཤིས་རེ་རེ་གསལ་ཆ་དོད་པོའི་ངང་གྲུབ་ཏུ་བཅུག་པས་ན། ཕྲུ་གུ་ཚོས་ཉན་སྤྲོ་བ་དང་ངོས་འཛིན་བྱེད་སླ་བ། ཡིད་ལ་འཛིན་བདེ་བའི་སྣ་གཅིག་རང་བཞིན་ཅན་གྱི་མི་གཤིས་རེ་རེ་གསལ་ཁ་ཐོན་ཐུབ་ལ། དེ་དག་ནི་མ་གཞི་ནས་མི་གཤིས་མི་འདྲ་བ་བཞི་ཡིན་པར་མ་ཟད། ད་དུང་ཕྲུ་གུའི་ཐོག་མར་མི་གཤིས་ངོས་འཛིན་བསླབ་ཚེ་ངེས་པར་བརྒྱུད་དགོས་པའི་འཇུག་སྒོ་ལྟ་བུ་རེད། བདག་གིས་སློབ་གསོའི་བྱེད་ཐབས་འདི་ལ་སྣ་གཅིག་རང་བཞིན་ཅན་གྱི་མི་གཤིས་ངོ་སྤྲོད་ཅེས་བརྗོད་པ་ཡིན།

དེར་མཐུད་ནས་སྣ་མང་རང་བཞིན་ཅན་གྱི་མི་གཤིས་ངོ་སྤྲོད་ཅེས་པ་སྒྲུང་གི་རིགས་དགར་སྟངས་གཉིས་པར་བརྩི་རྒྱུ་ཡིན་ཏེ། སྲོག་ཆགས་ཀྱི་སྒྲུང་གི་ཁྲོད་དུ་སྐབས་འགར་མི་དང་སྲོག་ཆགས་མཉམ་དུ་བསྲེས་ནས་བཤད་ཀྱིན་ཡོད། འདི་ཡང་སྒྲུང་དེར་དམིགས་ཡུལ་མེད་པར་བཤད་པ་ཞིག་མིན་ཏེ། སྐབས་འདིར་སྣ་གཅིག་རང་བཞིན་ཅན་གྱི་མི་གཤིས་ངོ་སྤྲོད་ཀྱི་བསླབ་བྱ་མཇུག་རྫོགས་པ་དང་སྣ་མང་རང་བཞིན་ཅན་གྱི་མི་གཤིས་ངོ་སྤྲོད་བྱེད་པའི་དུས་བབ་ལ་སླེབས་པ་རེད། སྒྲུང་འདིའི་རིགས་ལ་ཉན་མཁན་ནི་རྫི་བོ་བྱེད་ཐུབ་པའི་བྱིས་པའམ། རང་ཚུགས་དང་རང་སྐྱ་ཐུབ་རྒྱུར་མི་རིང་བའི་བྱིས་པ་ཡིན། ཁོ་ཚོར་འདི་ལྟ་བུའི་སྒྲུང་བཤད་དོན་ནི་ཁོས་བསླབ་པའི་སྣ་གཅིག་རང་བཞིན་ཅན་གྱི་མི་གཤིས་དང་མི་ངོ་མ་གཉིས་མཉམ་དུ་སྦྱར་ནས་ངོས་འཛིན་བྱེད་དུ་འཇུག་པ་དང་། རི་བོང་བློ་ལྡན་དང་མི་བློ་ལྡན་ཞིག་མཉམ་དུ་འཛོམས་པར་བྱས་ཏེ། བློ་ལྡན་གྱི་གོ་དོན་དེ་སྲོག་ཆགས་ཀྱི་སྟེང་ནས་ག་ལེར་མི་ཡི་སྟེང་དུ་སྤོར་ཏེ་མི་དང་མི་གཤིས་གཉིས་མ་ངོ་བུ་ངོ་སྤྲོད་པ་ལྟར་བྱས་ཡོད། མི་དང་སྲོག་ཆགས་མཉམ་དུ་བསྲེས་ནས་བཤད་པའི་སྒྲུང་གི་ནུས་པ་ནི་དེ་ཙམ་དུ་མ་ཟད། སྣ་གཅིག་རང་བཞིན་ཅན་གྱི་སྲོག་ཆགས་ཁྲོད་གློ་བུར་དུ་མི་ཞིག་སླེབས་ཚེ། སྒྲུང་དང་དོན་དངོས་སྤྱི་ཚོགས་ཀྱི་བར་ཐག་ཅུང་ཉེ་རུ་བཏང་ཡོད། མིའི་གཤིས་ཀ་ནི་མ་གཞི་ནས་ཁ་ཚོན་མི་ཆོད་པ་ཞིག་ཡིན་ལ། མངོན་གསལ་དོད་པོ་མིན་པར་རྙོག་འཛིང་གིས་ཁེངས་འདུག་པས། བྱིས་པས་སྒྲུང་གི་ཁྲོད་ནས་དངོས་ཡོད་ཀྱི་གནས་ཚུལ་ཞིག་ག་ལེར་ཤེས་རྟོགས་བྱེད་ཐུབ་པ་དང་། ཁོ་བོ་ནི་རང་ཚུགས་ཅན་དང་རང་སྐྱ་ཐུབ་པ་ཞིག་ཆགས་དགོས་ཚེ་སྒྲོ་འདོགས་ཀྱི་སྒང་ནས་བསླབ་པའི་མི་གཤིས་སྣ་གཅིག་ཅན་དེ་ཤེས་རྟོགས་བྱུང་བ་ཁོ་ནས་མི་ཆོག་པར། ངེས་པར་རྙོག་འཛིང་ཅན་གྱི་མི་གཤིས་འདི་ལ་འབྲེལ་གཏུག་བྱེད་སྤོབས་པ་ཞིག་ཏུ་འགྱུར་དགོས་པ་ཤེས་ངེས་རེད། དུས་སྐབས་དེ་ནི་བྱིས་པ་ཁོ་རང་ཕྲུ་གུའི་གནས་སྐབས་དང་བྲལ་ནས་དོན་དངོས་ཀྱི་སྤྱི་ཚོགས་ནང་ཞུགས་རྒྱུར་སྟ་གོན་བྱེད་པའི་གནས་སྐབས་ཤིག་ཡིན། འདི་ལྟ་བུའི་སྒྲུང་གི་བསླབ་བྱ་ཉམས་སུ་མྱངས་རྗེས་གཞི་ནས་སྒྲུང་གི་རིགས་དགར་སྟངས་གསུམ་པར་བརྗོད་པའི་རྙོག་འཛིང་རང་བཞིན་ཅན་གྱི་མི་གཤིས་ངོ་སྤྲོད་ཅེས་པའི་ཁྱབ་ཁོངས་སུ་སླེབས་པ་རེད། དེ་ནི་མི་རྐྱང་རྐྱང་གིས་གྲུབ་པའི་སྒྲུང་གི་རིགས་ཡིན་ལ། ཁྱབ་ཁོངས་འདིའི་ཁྲོད་མི་གཤིས་སྣ་གཅིག་མཚོན་བྱེད་ཀྱི་སྲོག་ཆགས་རྣམས་མཐོང་རྒྱུ་མེད་པར། གཞོན་ནུའི་གནས་སྐབས་སུ་སོན་པ་རྣམས་ལ་དངོས་སུ་རང་ཚུགས་སྐྱེད་སྲིང་བྱེད་ཀྱིན་ཡོད་པ་དང་། སྤྱི་ཚོགས་ནང་དངོས་སུ་གནས་པའི་གནད་དོན་རྣམས་ག་ལེར་ངོ་སྤྲོད་བྱེད་པ་སྟེ། བྱ་ལས་ཀྱི་བཟང་ངན་ལ་དབྱེ་འབྱེད་བྱེད་རྒྱུ། བསྒྲུབ་བྱའི་འགྲིག་མིན་ལ་བརྡར་ཤ་གཅོད་རྒྱུ། གྲུབ་འབྲས་ཀྱི་ཕན་གནོད་ལ་ཕུ་ཐག་གཅོད་རྒྱུ་སོགས་ཧ་ཅང་རྙོག་འཛིང་གི་གནད་དོན་མང་པོ་རིམ་བཞིན་ཤེས་རྟོགས་བྱེད་དུ་འཇུག དེ་ལྟ་བུའི་སྒྲུང་གི་སྒྲིག་གཞི་ཆེན་པོ་གསུམ་ནི་བོད་མིའི་གནའ་བོའི་སློབ་གསོ་ཡིན་ལ། སློབ་གསོ་དེ་ཡང་ཕྲུ་གུ་ནས་བྱིས་པ། དེ་ནས་གཞོན་ནུ་བཅས་སྡེ་ཚན་ཆེན་པོ་གསུམ་དུ་ཕྱེ་ནས་བརྗོད་ཡོད་ཅིང་། དར་མའི་གནས་སྐབས་སུ་སླེབས་ཚེ་གཞི་ནས་རང་ཚུགས་ཅན་གྱི་མི་ཞིག་ཡིན་པར་ངོས་འཛིན་བྱེད།

བོད་ཀྱི་གནའ་བོའི་སློབ་གསོ་ནི་གཏམ་རྒྱུད་ཀྱི་སྒང་ནས་དཔེ་རུ་བརྗོད་པ་ཞིག་ཡིན་ལ། དེ་ཡང་སེམས་ལ་གང་དྲན་དྲན་དུ་གཏམ་རྒྱུད་བཤད་པ་མ་ཡིན་པར། སྒྲུང་གི་སྒྲིག་གཞིའི་རིམ་པ་ལྟར་སློབ་གསོ་མྱོང་དུ་འཇུག་ཅིང་། དེའི་སྟེང་ནས་འཇིག་རྟེན་ལྟ་ཚུལ་དང་རིན་ཐང་གི་ལྟ་ཚུལ་ལ་རྨང་གཞི་སྲ་མཁྲེགས་འདིང་གིན་ཡོད། ཡིན་ནའང་། ལོ་ངོ་སྟོང་ཕྲག་རིང་གི་འཕོ་འགྱུར་ཁྲོད་ནས་བཙན་པོའི་རྒྱལ་རབས་ཀྱི་མཇུག་བསྡུས་ཤིང་དེའི་ཚབ་ཏུ་སངས་རྒྱས་ཆོས་ལུགས་ཀྱི་གོ་གནས་སྤར་ཏེ། སྤྱི་ཚོགས་ཀྱི་སྒྲིག་གཞི་ཡོངས་གསར་དུ་བརྗེས་པས། སྨོས་མ་དགོས་པར་སྒྲུང་གི་སློབ་གསོ་རྒྱག་སྟངས་ཀྱི་སྒྲིག་གཞི་འདི་ལ་འཇུག་མཁན་རིག་གནས་པ་རྣམས་ཀྱང་རིམ་གྱིས་འཐོར་བར་གྱུར། ཐབས་སྐྱོ་བ་ཞིག་ནི། བོད་ཀྱི་བཙན་པོའི་དུས་སྐབས་ཀྱི་སློབ་གསོ་རྒྱག་སྟངས་འདི་ཆེས་དར་རྒྱས་ཀྱི་ཡང་རྩེར་མ་སོན་པར་ཉམས་རྒུད་དུ་སོང་འདུག་པ་སྟེ། སློབ་གསོ་དཔེ་ཡི་སྒང་ནས་བསྟན་པའི་རྗེས་སུ། དཔེ་ལ་དབྱེ་ཞིབ་བྱེད་རྒྱུ་དང་། རིགས་པའི་གཞུང་ལུགས་འབྱུང་བའི་དུས་རིམ་བརྒྱུད་དགོས་མོད། འོན་ཀྱང་དུས་མཚམས་རྗེས་མ་གཉིས་ལག་ལེན་ཏུ་བསྟར་བའི་གོ་སྐབས་རྩ་བ་ནས་མེད་པར་གྱུར། ཡིན་ཡང་། དུས་ཀྱི་འགྱུར་ལྡོག་གི་ཁྲོད་ནས་སྒྲུང་པ་རེ་གཉིས་ཀྱིས་སངས་རྒྱས་ཆོས་ལུགས་ཀྱི་གོ་དོན་སྒྲུང་གི་ཁྲོད་དུ་བླངས་ནས་བརྒྱུད་སྒྲོག་བྱས་པས། སྒྲུང་གི་སློབ་གསོ་དེ་རྣམ་པ་གསར་པ་ཞིག་གི་ལམ་དུ་བགྲོད་མགོ་ཚུགས། དེ་ནི་བོད་སིལ་བུར་ཐོར་བའི་དུས་སྐབས་ཀྱི་སྒྲུང་གི་རྣམ་པ་ཡིན་ལ། སྒྲུང་གི་ཁྲོད་དུ་བྱམས་སེམས་དང་སྙིང་རྗེའི་ཤུགས་ཇེ་དྲག་ཏུ་སོང་ནས། དགྲ་ཤ་ལེན་པ་དང་སྙིང་ནད་རྩོད་པ། འཁྲུག་པ་རྒྱག་པ་སོགས་ཀྱི་གདུག་རྩུབ་ཀྱི་གོ་དོན་དག་ག་ལེར་ཟུར་འབུད་བྱས་ཏེ། རང་བྱུང་ཁམས་ཀྱི་སྐྱེ་ཁམས་ཡོད་ཚད་ལ་འདྲ་མཉམ་གྱི་ལྟ་སྟངས་བཟུང་ནས། སྐྱེ་ཁམས་དོ་མཉམ་ལ་སྔ་ན་མེད་པའི་ངེས་ཤེས་ཤིག་མི་སེར་ཁྲོད་དུ་ཁྱབ་གདལ་བྱུང་སྟེ། བོད་མིའི་ཐུན་མོང་མ་ཡིན་པའི་འཇིག་རྟེན་ལྟ་ཚུལ་ཏེ། སྲོག་ཐོགས་སེམས་ཅན་ཕར་ཞོག ས་རྡོ་རི་བྲག་དང་ཆུ་མིག་ཆེ་ཆུང་། མཚོ་དང་མཚེའུ། རྩྭ་དང་རྩི་ཤིང་སོགས་འཇིག་རྟེན་ཐོག་གི་བྱ་དངོས་ཅི་ཡོད་ལ་བརྩི་བཀུར་བྱས་ཏེ་རང་ཉིད་དང་མཉམ་གནས་བྱེད་པའི་ལྟ་བ་བྱུང་བར་གྱུར་ཅིང་། ཤ་ཟ་གདོང་དམར་བོད་ཀྱི་རིགས་རྒྱུད་ལ་བྱམས་དང་སྙིང་རྗེ་ལྷ་ཡི་གོ་རྟོགས་སྐྱེ་བའི་དུས་རབས་ཤིག་གི་མགོ་བརྩམས་ཡོད།

དེ་ནི་བོད་མིས་རྒྱུན་རིང་པོའི་ལོ་རྒྱུས་ཀྱི་ཁྲོད་ནས་སྐྱིད་སྡུག་ཐམས་ཅད་ཉམས་སུ་མྱངས་ནས་བྱུང་བའི་སློབ་གསོའི་འཕེལ་རིམ་ཡིན་ལ། སྲོང་བཙན་སྐབས་སུ་ཐོན་མིས་བོད་ཡིག་གསར་དུ་བཟོས་པ་དང་། མཁས་པ་དང་ལོ་ཙཱ་བ་རིམ་བྱོན། ད་དུང་བོད་སིལ་བུའི་དུས་སྐབས་ཀྱི་མཁས་དབང་རིམ་བྱོན་སོགས་ཀྱིས་མཛད་པའི་གསུང་རབ་བམ་པོ་དང་། གཙང་བ་སྡེ་སྲིད་ཀྱི་སྐབས་དག་ཏུ་བྱུང་བའི་ལྷ་སའི་སྐུ་དྲག་གི་སློབ་གྲྭའི་ཤེས་རིག་གསར་པའི་སློབ་གསོ་སོགས་སློབ་གསོའི་གོ་དོན་སྣ་མང་ཅན་དུ་གྱུར་ལ། བཅིངས་འགྲོལ་བྱས་ཚུན་ནས་བཟུང་། བོད་ཀྱི་སློབ་གསོ་དེ་ཡང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སློབ་གསོའི་སྒྲིག་གཞིའི་ཁྱབ་ཁོངས་སུ་བཙུད་ནས། སློབ་གྲྭའི་སློབ་གསོའི་གོ་རིམ་གསར་པ་ཞིག་གི་ལམ་དུ་ཁྲིད་མགོ་བརྩམས། དེ་ལྟར་བོད་ཀྱི་སློབ་གསོ་ནི་སྣེ་མང་རྙོག་འཛིང་གི་འཕེལ་རྒྱས་ཀྱི་གོ་རིམ་མང་པོ་བརྒྱུད་དེ་ད་ལྟའི་བར་དུ་སླེབས་པའོ། །

རྩོམ་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།
རྩོམ་སྒྲིག་པ། བསོད་ཚེ།

   མདུན་ངོས་སུ་ལོག་པ།