སྣང་གསར་ཐང་ག་མིག་གི་དགའ་སྟོན།
2017-08-03 16:56:00
|
0

ཉེ་ཆར་པེ་ཅིང་དུ་བོད་ཀྱི་རི་མོའི་སྒྱུ་རྩལ་པ་ལྟག་ཨོ་རྒྱན་ཆོས་འཕེལ་ལགས་ཀྱི་སྣང་གསར་ཐང་གའི་འགྲེམ་སྟོན་ལ་བལྟ་བར་སོང་བ་ཡིན། དེ་ནི་ཁོང་ལ་བཅར་འདྲི་མ་བྱས་སྔོན་ལ་ཁོང་གི་རི་མོའི་བརྩམས་ཆོས་ལ་རྒྱུས་ལོན་བྱས་པ་ཞིག་ཡིན། དེ་ཉིན་པེ་ཅིང་གི་གནམ་གཤིས་ཧ་ཅང་ཚ་གདུང་ཆེ་ཡང་འགྲེམ་སྟོན་ཁང་ནང་ལ་སླེབས་དུས། ངོ་མཚར་མིག་གི་དགའ་སྟོན་དུ་བཀྲ་བའི་རི་མོ་དེ་དག་གིས་སེམས་ལ་ཞི་བདེའི་ཚོར་འདུ་ཞིག་སྦྱིན་པ་དང་ལྷན་དུ། དེ་སྔ་མཐོང་དཀོན་པའི་སྣང་གསར་ཐང་གའི་འབྲི་ལུགས་གསར་པ་དེས་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་བྱུང་།

རི་མོ་བ་ལྟག་ཨོ་རྒྱན་ཆོས་འཕེལ།

སྣང་གསར་ཐང་ག་ནི་མཐོང་སྣང་གསར་པའི་ཐང་ག་ཞིག་སྟེ། སྲོལ་རྒྱུན་ཐང་གའི་རྩ་བ་ལས་བསྲིངས་པའི་དེང་རབས་ལུགས་ཀྱི་སྒྱུ་རྩལ་གྱི་རྣམ་པ་མཚོན་སྟངས་ཤིག་རེད་སྙམ། ཐང་གའི་རི་མོའི་འབྲི་ལུགས་གསར་པ་དེ་ནི་བོད་ཁུལ་སི་ཁྲོན་ནས་ཡིན་པའི་ན་གཞོན་སྒྱུ་རྩལ་པ་ལྟག་ཨོ་རྒྱན་ཆོས་འཕེལ་ལགས་ཀྱིས་གསར་གཏོད་དམ་ཐོག་མའི་ཚོད་བགམ་གནང་བ་ཞིག་རེད། ཁོང་གི་རི་མོའི་བརྩམས་ཆོས་ལ་བལྟས་ཚེ། ཁྱེད་ཀྱི་སྣང་ངོར་འཚོ་བ་ནི་ཅི་འདྲའི་ཡི་གར་འོང་བ་དང་། མི་ཚེ་ནི་ཟང་ཟིང་དྲི་མ་དང་བྲལ་བ། མིག་དང་། རྣ་བ། ལག་པ་སོགས་མིའི་ལུས་ཁམས་ཀྱི་ཆ་ཤས་རེ་རེ་དང་། ཉི་ཟླ་དང་རྩྭ། རྩི་ཤིང་། མེ་ཏོག ཆུ་ཕྲན། རི་བོ་སོགས་རང་བྱུང་ཁམས་ཀྱི་མཛེས་སྡུག་རེ་རེ། དུང་དང་འཁོར་ལོ། མཆོད་རྟེན་སོགས་ཆོས་འབྲེལ་རྟེན་རྫས་རེ་རེ་སོགས་ཚང་མ་བྱིའུ་ཆུང་ཞིག་སྡོང་རྩེ་ནས་འཕུར་ཚུལ་བཞིན་བབ་ཆགས་ལ་སྟབས་བདེ་བ། ཧ་ཅང་གསོན་ཉམས་ལྡན་པའི་སྒོ་ནས་རྒྱབ་ལྗོངས་མི་གཅིག་པའི་རས་གཞིའི་ངོས་སུ་ཕབ་ཡོད་པ་མ་ཟད། དེ་དག་གི་ཟུར་སྣེ་གང་རུང་ནས་རང་རང་མོས་པ་དང་འཚམ་པའི་ནང་དོན་རེ་བསྔོག་རྒྱུ་ཡོད། དེ་བས་བརྩམས་ཆོས་རེ་རེའི་བར་སྟོང་དུ་ཚིག་ཐུང་དོན་ཟབ་ཀྱི་ལེགས་བཤད་དམ་སྙན་ངག་མཚར་པོ་རེ་བྲིས་ཡོད་པ་དེས་རི་མོ་སྤྱི་ལ་མཛེས་རྒྱན་ནམ་ཚེ་སྲོག་གི་སྙིང་པོ་བསྒྲོན་པ་ལེགས། །

ཐམས་ཅད་སྒྲོལ་བའི་སེམས་ཡོད་དེ། །ཐམས་ཅད་སྒྲོལ་བའི་ཏིང་འཛིན་རོལ། །

ཐམས་ཅད་སྒྲོལ་བའི་མཛེས་མ་དེ། །ཐམས་ཅད་དད་པའི་སྒྲོལ་མ་མཆོག །

ཕ་རོལ་སུ་ལའང་ཁག་ངན་སྟེར་ག་ནུས། །ཐམས་ཅད་ལས་ཀྱིས་གཡབས་པའི་རྩེད་མོ་འདྲ། །

ལས་གང་བསགས་ལ་འབྲས་བུ་དེ་ཡོད་པ། །ཆོས་ཉིད་དེ་ལ་ལྡོག་ཐབས་ཡེ་མ་རྙེད། །

རྟ་རྒོད་བུམ་པ་ནང་བཙུད་པ། །མི་སྲིད་པ་ཡི་ལས་སུ་མཐོང་། །

དེ་བཞིན་སེམས་ཀྱི་རྟ་རྒོད་དེ། །སྙིང་གི་བུམ་པར་ཚུད་དཀའ་བ། །

ང་ཡོད་པ་ནས་འཁོར་བ་ཡོད། །ང་འཇིག་པ་ནས་འཁོར་བ་འཇིག །

མི་བྱེད་དགུ་བྱེད་ང་ཡིས་བྱས། །མི་འོང་དགུ་འོང་ང་ལ་འོངས། །

རང་ངོ་རང་གིས་ཟིན་པ་དང་། །རང་སེམས་རང་གིས་ཤེས་པ་དེ། །

རྩེ་གཅིག་དབེན་པའི་གྲོང་ཁྱེར་རུ། །མཆོག་ཏུ་བཀུར་བའི་སྲོལ་བཟང་ཡིན། །

རྭ་ནང་ཡར་ཡར་ཕྱིན་པ་ལྟར། །རྩེ་མོ་ཕུག་ཏུ་ལམ་བུ་མེད། །

དེ་ཡང་ན་ཟུག་མང་བའི་དཔེ། །སེམས་ཁམས་དོག་པོ་མི་རུང་ངོ་། །

ཀླད་པའི་རྩལ་ལ་མགོ་འཕྲུལ་ནས། །སྙིང་གི་ནུས་པ་བོར་ཤོར་སོང་། །

མཁྱེན་བརྩེ་ཟུང་དུ་འགྲོ་བ་ལས། །ཁེར་རུ་ཆགས་ན་ཤིན་ཏུ་སྐྱོ། །

བརྫུན་མ་བདེན་དུ་མཐོང་པ་ནས། །འཁོར་བའི་ཆོས་ལ་འབད་འབུངས་ཀྱིས། །

ནམ་ཟླ་ཡང་ཡང་ཟད་མཐོང་དུས། །སྐྱོ་བའི་སྣང་བ་ལྷིང་ལྷིང་ཤར། །

དོན་དམ་བློ་ལ་ཤར་ན། །བློ་དེ་གྲལ་དང་རིམ་པ། །

དེ་འདྲའི་བློ་ཞིག་མཐོང་ན། །བརྫུས་མ་ཡིན་པ་ཤེས་དགོས། །

ཚང་ལས་སྐྱེ་བའི་སྒྲོ་ཞིག །ཚད་མིན་ནམ་མཁའི་ཀློང་དུ། །

ཅི་འདྲ་འཕུར་ན་དགའ་བ། །ལན་ཞིག་སྟེར་རོགས་གནང་དང་། །

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་ལས་ཁུངས།

གསར་འགོད་པ། གངས་ཕྲུག་བློ་རྒྱ།

   མདུན་ངོས་སུ་ལོག་པ།