འབྲུག་སྤ་གྲོ་སྟག་ཚང་དགོན།
2017-06-12 16:39:00
|
0

འབྲུག་རྒྱལ་ཁབ་ཀྱི་དགོན་པ་གྲགས་ཅན་སྤ་གྲོ་(སྤ་རོ་བྲིས་པ་ཡང་སྣང་)སྟག་ཚང་དགོན་འདི་ལ་པད་མ་བཀའ་ཐང་སོགས་སུ་སྤ་གྲོ་སྟག་ཚང་ཕུག་ཅེས་བྲིས་ཡོད་ཅིང་། སློབ་དཔོན་པད་འབྱུང་བཞུགས་ཡུལ་གྱི་དབེན་པའི་གནས་བརྒྱད་ཡོད་པའི་ནང་སྒྲུབ་ཕུག་འདི་དང་སེང་གེ་རྫོང་གཉིས་དེང་སང་འབྲུག་ཡུལ་གྱི་ཁོངས་སུ་ཡོད།

འབྲུག་སྤ་གྲོ་སྟག་ཚང་གི་གནས་འདི་ནི་ད་ལྟའི་འབྲུག་རྒྱལ་ཁབ་ཀྱི་སྤ་གྲོ་རྫོང་ཞེས་པའི་མངའ་ཁོངས་ཀྱི་བྲག་རི་གཟར་མོ་མཐོང་བ་ཙམ་གྱིས་ཡིད་དབང་གཡོ་བར་བྱེད་པའི་མཛེས་ལྗོངས་ཤིག་ཏུ་ཆགས་ཤིང་། གནས་འདི་ཉིད་ནི་རིག་འཛིན་ཆེན་པོ་རྒོད་ཀྱི་ལྡེམ་ཕྲུ་ཅན་གྱིས་གུ་རུའི་གསོལ་འདེབས་ལེའུ་བདུན་མར། སྟག་ཚང་སེངྒེ་བསམ་འགྲུབ་ཀེའུ་ཚང་དུ།། གདུག་པའི་མི་སྟེགས་བདུད་དང་དམ་སྲི་བཏུལ།། ཞེས་གསུངས་ཡོད་པ་ལྟར། སྔོན་སྤྱི་ལོ ༧༤༦ ཡས་མས་སུ་གུ་རུ་རིན་པོ་ཆེ་བལ་ཡུལ་ཡང་ལེ་ཤོད་དུ་བཞུགས་སྐབས། བོད་རྗེ་ཁྲི་སྲོང་ལྡེའུ་བཙན་མཆོག་གིས་གདན་འདྲེན་ཕོ་ཉས་ཞུ་སྐུལ་དང་། མོན་ཁ་བཞི་འདུལ་བ་དུས་ལ་བབས་པ་སོགས་ལ་དགོངས་ཏེ་གྲུབ་རྟགས་ཀྱིས་ཀེའུ་ཚང་འདིར་ཕེབས་ནས། མཚན་མཆོག་བརྒྱད་ལས་ཁྲོ་རྒྱལ་རྡོ་རྗེ་གྲོ་ལོད་ཀྱི་སྐུར་བཞེངས་ཤིང་། གདུག་པ་ཅན་གྱི་དམ་སྲི་རྒྱལ་འགོང་མང་པོ་ཐལ་བར་བརླགས་པ་དང་། ལྷ་སྲིན་མང་པོ་དམ་བཏགས་བཀའ་རྒྱས་གཟིར་བའི་གནས་ཆེན་བྱིན་རླབས་ཅན་དེ་ཡིན་པ་དང་། ཕྱིས་སུ་རིམ་པ་བཞིན་བོད་ཀྱི་གྲུབ་ཆེན་རྗེ་འབངས་ཉེར་ལྔའི་ཡ་གྱལ་རླངས་ཆེན་དཔལ་གྱི་སེངྒེ་མཆོག་དང་། གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ། ཉེ་དུས་ཀྱི་གངས་ལྗོངས་མཁས་གྲུབ་ཡོངས་ཀྱི་གཙུག་རྒྱན་༧ཆོས་ཀྱི་རྗེ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་སོགས་ཀྱིས་མཚོན། ལོ་རྒྱུས་སྟེང་གྲུབ་པའི་ས་མཐོར་གཤེགས་པའི་སྐྱེས་ཆེན་བགྲང་གིས་མི་ལོང་པས་ཟམ་མ་ཆད་པར་ཞབས་བཅག་བྱིན་རླབས་ཀྱི་མེ་ཏོག་ཕོག་མྱོང་བའི་གནས་ཆེན་བྱིན་ལྡན། དུས་ཀྱི་མར་གཤམ་ཏུ་གནས་ཀྱིས་གང་ཟག་བྱིན་གྱིས་རླབས་ཞེས་པའི་གྲས་ཀྱི་གནས་མཆོག་དེ་ཡིན་འདུག

ཝེ་ཁེ་རིག་མཛོད་དུ་གསལ་བའི་སྤ་གྲོ་སྟག་ཚང་དགོན་གྱི་སྐོར།


གཡང་མོ་བཀྲ་ཤིས་ཀྱིས་དབྱིན་ཡིག་ལས་སྒྱུར།

 

དགོན་པ་འདི་ཉིད་སྤྱི་ལོ་༡༦༩༢ལོར་ཐོག་མར་བཞེངས་ཤིང་། བཞེངས་སའི་གནས་ལ་སྟག་ཚང་སེང་གེ་བསམ་གྲུབ་བྲག་ཕུག་ཅེས་འབོད་པ་སྟེ། དེ་ནི་དུས་རབས་བརྒྱད་པའི་སྐབས་ཨོ་རྒྱན་གུ་རུ་རིན་པོ་ཆེ་མཆོག་གིས་ལོ་གསུམ་དང་ཟླ་གསུམ། གཟའ་འཁོར་གསུམ། ཉིན་གསུམ། ཆུ་ཚོད་གསུམ་བཅས་ལ་སྒོམ་བརྒྱབ་སའི་གནས་ཡིན་པར་གྲགས། གུ་རུ་རིན་པོ་ཆེའམ་སློབ་དཔོན་པདྨ་འབྱུང་གནས་ཀྱིས་ནང་བསྟན་འབྲུག་ཡུལ་དུ་སྤེལ་བ་དང་། སྤ་གྲོ་སྟག་ཚང་དགོན་པའི་ཆེས་ཚབ་མཚོན་ཅན་གྱི་གནས་ཆེན་ཡང་སློབ་དཔོན་ཁོང་ཉིད་བཞུགས་སའི་སྟག་ཚང་བཅུ་གསུམ་ཞེས་པ་དེ་ཡིན།

དགོན་པ་འདིར་གུ་རུ་མཚན་བརྒྱད་ལྷ་ཁང་ཞེས་པའི་སློབ་དཔོན་ཉིད་ལ་ཆེད་དུ་བཞེངས་པའི་ལྷ་ཁང་ཞིག་ཡོད་པ་འདི་ནི་རྒྱལ་སྲས་བསྟན་འཛིན་རབ་རྗེ་ལགས་ཀྱིས་སྤྱི་ལོ་༡༦༩༢ལོར་སློབ་དཔོན་མཆོག་གི་བྲག་ཕུག་གི་མཐའ་བསྐོར་ནས་བཞེངས་པའི་ལྷ་ཁང་ཁྱད་མཚར་ཅན་ཞིག་ཡིན་ལ། འདི་ཉིད་དུས་དེ་ནས་བཟུང་འབྲུག་ཡུལ་རིག་གནས་ཀྱི་མཚོན་རྟགས་ལྟ་བུར་གྱུར། ལོ་རེའི་ཟླ་གསུམ་པའམ་བཞི་བའི་ནང་སྤ་གྲོ་ལུང་བར་ཚེ་ཆུ་ཞེས་པའི་དར་ཁྱབ་ཆེ་བའི་དུས་སྟོན་ཞིག་ཡོད་པ་དེ་ཡང་སློབ་དཔོན་མཆོག་གི་བཀའ་དྲིན་རྗེས་སུ་དྲན་སླད་འཚོགས་པ་ཡིན་པར་གྲགས་སོ།།

ཡོང་ཁུངས། བོད་སྐད་འཕྲིན་གྱི་ཕོ་ཉ།
རྩོམ་སྒྲིག་པ། བདེ་ལྷ་མོ།

   མདུན་ངོས་སུ་ལོག་པ།