Internet Explorer7.0
མདུན་ངོས། འགོ་ཁྲིད་ཀྱི་གནས་ཚུལ། རྒྱལ་ནང་གསར་འགྱུར། རྒྱལ་སྤྱིའི་གསར་འགྱུར། པར་རིས་གསར་འགྱུར། དྲ་ཐོག་རླུང་འཕྲིན་གསན་པ།
མདུན་ངོས། >>ཕྱོགས་བསྡུས།>>གནས་མཆོག་ཡུལ་སྐོར།
༄༅།།དགའ་ལྡན་དགོན།
སྤེལ་བའི་དུས་ཚོད། : 2013-05-01 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

འབྲོག་རི་བོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ཞེས་པ་འདི་ནི་ལྷ་ས་གྲོང་ཁྱེར་གྱི་ཤར་ཕྱོགས་སྤྱི་ལེ་བཞི་བཅུ་འདས་པའི་སྟག་རྩེ་རྫོང་ཁོངས་ཀྱི་འབྲོག་རི་བོ་ཆེ་ཞེས་པའི་གནས་སུ་ཆགས་ཡོད། འདི་ནི་རྗེ་ཙོང་ཁ་པ་ཆེན་པོས་བོད་རབ་བྱུང་བདུན་པའི་ས་གླང་སྤྱི་ལོ་༡༤༠༩ལོར་ཆོ་འཕྲུལ་སྨོན་ལམ་ཆེན་མོ་གྲོལ་མ་ཐག་སློབ་མ་ཉུང་ཤས་དང་བཅས་གནས་དེར་ཕེབས་ནས་བརྟག་པར་མཛད་པས་གནམ་ས་གང་ལ་དཔྱད་ཀྱང་བཤད་སྒྲུབ་འཆད་ཉན་འཕེལ་བའི་གནས་བཟང་པོར་གཟིགས་ནས་ས་དེར་དགོན་པ་འདེབས་པའི་ལྗགས་བཀོད་གནང་བ་ལྟར་སྲས་ཀྱི་ཐུ་བོ་རྒྱལ་ཚབ་དར་མ་རིན་ཆེན་དང་། འདུལ་འཛིན་གྲགས་པ་རྒྱལ་མཚན་གཉིས་ནས་དགེ་འདུན་ལྔ་བརྒྱ་ཙམ་ཁྲིད་པ་དང་། དེའི་ཉེ་སྐོར་གྱི་སྐྱ་བཙུན་དང་སྡེ་པ་རྣམས་ཀྱིས་ཀྱང་དང་བ་ཆེན་པོས་ཞབས་འདེགས་ཞུས་པར་བརྟེན་ལོ་དེ་རང་ལ་གཟིམ་ཁང་གི་ཐོག་དྲངས་བྲང་ཁང་(གྲྭ་ཤག་)བདུན་ཅུ་ལྷག་ཙམ་རྫོགས་པར་གྲུབ་ལ་གཞི་བཏིང་བའང་བརྒྱ་ཕྲག་བརྒལ།

བོད་རབ་བྱུང་བདུན་པའི་མེ་བྱ་སྤྱི་ལོ་༡༤༡༧ལོར་རྗེའི་ལྗགས་བཀོད་བཞིན་ཡངས་པ་ཅན་གྱི་ནང་དུ་གཙང་ཁང་དང་། མགོན་ཁང་། ཁྱམས་ཀ་བ་བདུན་ཅུའི་ས། སྒྲུབ་མཆོད་ཁང་བཅས་གྲུབ། ལྕགས་བྱི་སྤྱི་ལོ་༡༤༢༠ལོར་རྒྱལ་ཚབ་ཆོས་རྗེ་དང་། འདུལ་འཛིན་གཉིས་ནས་རྗེའི་སྐུ་གདུང་རིན་པོ་ཆེ་ནང་རྟེན་དུ་བཞུགས་པའི་གསེར་གདུང་ཁང་བཞེངས།

དགོན་པ་འདིར་ཚོགས་ཆེན་འདུ་ཁང་གཅིག་དང་། གྲྭ་ཚང་གཉིས། (ཤར་རྩེ་དང་བྱང་རྩེ་)ཁང་ཚན་ཉི་ཤུ་རྩ་གསུམ་དེ་བཞིན་ཡངས་པ་ཅན་དང་། ལི་མ་ལྷ་ཁང་། བླ་མ་ལྷ་ཁང་། ཁྲི་ཐིག་ཁང་། ལྔ་མཆོད་ཁང་། བྱང་རྩེའི་གཟིམ་ཁང་། པར་ཁང་སོགས་ཡོད་ཅིང་དགོན་པའི་དབྱིབས་རི་ལྡེབས་སུ་ཆགས་སྟབས་ཐོག་བརྩེགས་སུ་གནས་ཏེ་རས་གཞི་ཡངས་པ་ལ་པིར་གྱིས་བྲིས་པ་ལྟར་མངོན་ལ་གདན་སའི་མིང་ལ་ལྷོ་བྲག་གྲུབ་ཆེན་ལས་ཀྱི་རྡོ་རྗེས་ལུང་བསྟན་པ་ལྟར་དགའ་ལྡན་ཞེས་མིང་བཏགས་ཏེ་དགེ་ལུགས་པའི་མ་དགོན་ནམ་གདན་ས་ཆེན་པོ་བཞིའི་ཡ་གྱལ་དུ་གཏོགས། དགོན་འདིའི་འདུ་ཁང་དང་ལྷ་ཁང་ལ་སོགས་པ་སོ་སོའི་ནང་བཞུགས་སུ་གསོལ་བའི་སྐུ་གསུང་ཐུགས་རྟེན་སྐོར་མདོ་ཙམ་ཞུས་ན། ཚོགས་ཆེན་འདུ་ཁང་ནི་དགེ་འདུན་སུམ་སྟོང་ལྷག་ཤོང་བའི་རྒྱ་ཁྱོན་ཆེ་བ་ཞིག་ཡིན་ཞིང་དེའི་ནང་གི་རྟེན་གཅོ་གསེར་ཟངས་ལས་གྲུབ་པའི་ཙོང་ཁ་པའི་སྐུ་བཪྙན་ཆེ་བ་དང་། བྱམས་པའི་གསེར་སྐུ་ཆེ་བ། འདུ་ཁང་ཆེ་མོའི་སྦུག་ཏུ་དགའ་ལྡན་གསེར་ཁྲི་ཞེས་སུ་གྲགས་པ་ཙོང་ཁ་པ་ཆེན་པོའི་བཞུགས་ཁྲི་དང་། གསེར་ཁྲིའི་དབུ་ཐོད་དུ་དགའ་ལྡན་ལྷ་བརྒྱའི་ཞིང་བཀོད། དེ་བཞིན་མི་དབང་ཕོ་ལྷས་བཞེངས་པའི་གསེར་ཁྲིའི་སྟེང་གི་གསེར་ཟངས་ཀྱི་རྒྱ་ཕིབས་ཆེ་ལེགས་བཟོ་དབྱིབས་ཕུན་སུམ་ཚོགས་པ་དང་། དེའི་འོག་ཏུ་གསེར་སྦྱངས་བཙོ་མ་འབའ་ཞིག་ལས་བྲིས་པའི་བཀའ་འགྱུར་དང་བསྟན་འགྱུར་ཆ་ཚང་འཛམ་གླིང་གཡས་བཞག་ཏུ་གྲགས་པ་དེ་ཡོད།

ཡངས་ཅན་གཙུག་ལག་ཁང་ནང་གི་རྟེན་གཙོ་ནི་ཙོང་ཁ་པའི་སྐུ་གདུང་བཞུགས་པའི་གསེར་གདུང་ཡིན། དེ་ནི་རབ་བྱུང་བདུན་པའི་ས་ཕག་སྤྱི་ལོ་༡༤༡༩ལོར་ཐོག་མར་རྒྱལ་ཚབ་དང་འདུལ་འཛིན་གཉིས་ཀྱིས་རྒྱུ་དངུལ་བྲེ་ཆེན་བཅོ་བརྒྱད་ལྷག་ཙམ་ལ་ཕྲ་རྒྱན་ཕུན་སུམ་ཚོགས་པ་སྤྲས་ཏེ་རྣམ་རྒྱལ་མཆོད་རྟེན་གྱི་དབྱིབས་སུ་བཞེངས། ཕྱིས་སུ་རབ་བྱུང་བཅུ་གཉིས་པའི་ནང་ཁྲི་ཐོག་ལྔ་བཅུ་པ་བྱ་བྲལ་དགེ་འདུན་ཕུན་ཚོགས་ཀྱིས་དངུལ་གདུང་གི་ཕྱི་ནས་གསེར་སྦྱངས་བརྡུངས་ཀྱིས་བཏུམས་ཏེ་གསེར་གདུང་དུ་བསྒྱུར། དེ་རྗེས་རབ་བྱུང་བཅོ་ལྔ་བའི་ལྕགས་བྱ་སྤྱི་ལོ་༡༩༢༡ལོའི་ནང་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པས་དགའ་ལྡན་ཁྲི་ཐོག་དགུ་བཅུ་པ་བྱམས་པ་ཆོས་གྲགས་བྱ་བ་གཙོ་བོར་བསྐོ་འཛུགས་མཛད་དེ་གསེར་གདུང་ཉམས་གསོ་མཛད་པས་སྔར་ལས་ལྷག་པའི་བཟོ་བཀོད་ཕུན་སུམ་ཚོགས་པར་གྱུར། གསེར་གདུང་གི་གཡས་གཡོན་དུ་རྒྱལ་ཚབ་དར་མ་རིན་ཆེན་དང་མཁས་གྲུབ་རྗེ་སོགས་འཇམ་དབྱངས་གཙང་པ་བདུན་བརྒྱུད་ལ་སོགས་པའི་གདུང་རྟེན་དང་། རྗེ་རང་གི་ཐུགས་དམ་གྱི་རྟེན་བྱིན་ཅན་སྐུ་རྒྱ་གར་མ་རྒྱ་ནག་མ་གཉིས་བཅས་བཞུགས་ཡོད་ལ་གསེར་གདུང་ཁང་ནང་དུ་གསང་འདུས་མི་བསྐྱོད་པ་དང་། འཕགས་པའི་གནས་བརྟན་བཅུ་དྲུག རྒྱལ་ཆེན་བཞི་དང་བཅས་པའི་སེའུ་ཐང་(དགའ་ལྡན་སེའུ་ཐང་)སྐུ་ངོ་མཚར་ཅན་བཞུགས། དེ་རྣམས་ནི་རྒྱ་ནག་གོང་མ་ཏཱ་མིང་གི་སྲས་ཟོན་ཏི་ཡིས་རང་གི་ཏི་ཤི་སེ་ར་བྱམས་ཆེན་ཆོས་རྗེའི་སློབ་མ་ཨ་མོ་གྷ་དང་བསོད་ནམས་ཤེས་རབ་གཉིས་ལ་ཕུལ་བ་དང་ཁོང་རྣམ་གཉིས་ཀྱིས་གསེར་གདུང་ཁང་ལ་ཕུལ་བ་ཡིན།

ཡངས་ཅན་གཙུག་ལག་ཁང་སྦུག་གི་གཙང་ཁང་ལྷོ་མའི་རྟེན་གཙོར་རྗེ་རང་ཉིད་ཀྱིས་བཞེངས་པའི་གསེར་ཟངས་ཀྱི་ཐུབ་པ་བདུད་འདུལ་ཆེན་པོ་སྐུ་ཚད་ལྷ་སའི་ཇོ་བོ་ལས་མཐོ་གང་ཙམ་གྱིས་ཆེ་བ་ཐུབ་དབང་ཚུལ་ཁྲིམས་མར་གྲགས་པ་བཞུགས། དེའི་བཞུགས་ཁང་གསེར་ཟངས་ལས་གྲུབ་པའི་རྒྱ་ཕིབས་ཉིས་བརྩེགས། རྒྱབ་ཡོལ་ཁྲི་དྲུག་འགྱོགས། མདུན་དུ་འབྲུག་ཤ་འགྱུར་དང་བཅས་པ་འདི་ཕོ་ལྷ་མི་དབང་བསོད་ནམས་སྟོབས་རྒྱལ་གྱིས་བཞེངས། གཙོ་བོའི་མཐའ་སྐོར་དུ་རྒྱལ་ཚབ་དར་མ་རིན་ཆེན་གྱིས་བཞེངས་པའི་རྒྱལ་བ་འོད་དཔག་མེད་ཀྱི་གསེར་སྐུ་དང་། མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་བཞེངས་པའི་ཐུབ་དབང་གི་གསེར་སྐུ་ཆེ་བ་སོགས་བཞུགས། ཡངས་པ་ཅན་གྱི་འོག་ཤོད་མགོན་ཁང་གི་རྟེན་གཙོར་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་འཇིམ་སྐུ་ཆེ་བ་གཅིག་དང་། བཀའ་སྡོད་ལས་ཀྱི་གཤིན་རྗེ་ཡབ་ཡུམ་བཅས་པ་འདི་རྣམས་ནི་ཙོང་ཁ་པ་ཞལ་བཞུགས་སྐབས་བཞེངས་པ་མ་ཟད་རབ་གནས་ཀྱང་མཛད། གཙོ་བོའི་མཐའ་སྐོར་དུ་མགོན་པོ་ཕག་དྲུག་དང་། ལྷ་མོ་ཕག་བཞི་མ། གནོད་སྦྱིན་བཞི་དང་བཅས་པ་བཞུགས། ཡངས་པ་ཅན་གྱི་སྟེང་ཐོག་ཏུ་རྗེ་རང་ཉིད་ཀྱིས་བཞེངས་པའི་བློས་བསླངས་ལྷ་ཁང་ནང་གསང་འདུས་མི་བསྐྱོད་པ་ལྷ་སོ་གཉིས། དེའི་ཤར་དུ་རྣལ་འབྱོར་རྒྱུད་ཀྱི་གཙོ་བོ་རྡོ་རྗེ་དབྱིངས་ཀྱི་ལྷ་བཅུ་གསུམ་བཅས་ཀྱི་བློས་བསླངས་ཀྱི་དཀྱིལ་འཁོར་ཡོད། དཀྱིལ་འཁོར་དེའི་ནང་གི་གཙོ་བོ་རྣམས་ལ་དངུལ་བྲེ་ཆེན་གཉིས་རེ་དང་། འཁོར་ནང་མ་བཞི་བཞི་སྟེ་བཅུ་གཉིས་པོ་རེ་རེ་ལའང་དངུལ་བྲེ་ཆེན་ཕྱེད་ཙམ་གྱི་གར་བླུགས་དང་ཕྲ་རྒྱན་ཕུན་སུམ་ཚོགས་པ་སྤྲས་པ་དང་། ལྷ་གཞན་རྣམས་གསེར་ཟངས་ལས་བཞེངས་པ་བཅས་རྗེ་རང་ཉིད་ཀྱིས་རབ་གནས་མཛད།

ལི་མ་ཁང་དུ་རྟེན་གཙོ་སྣེ་གངོང་མི་དབང་གྲགས་པ་རྒྱལ་མཚན་གྱིས་ཙོང་ཁ་པར་ཕུལ་བའི་ཐུབ་དབང་བདུད་འདུལ་མའི་སྐུ་ལི་མ་དང་། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བློས་བསླངས་ངོ་མཚར་ཅན་གྱིས་གཙོས་ཙོང་ཁ་པའི་ཐུགས་དམ་རྟེན་ལི་མའི་སྐུ་དང་། གསེར་ཟངས་ཀྱི་སྐུ་བརྒྱ་ཕྲག་བརྒལ་བ་རྣམས་ཡོད། ཡང་བློ་གྲོས་ཆོས་སྐྱོང་གིས་བཞེངས་པའི་གསར་མ་ཁང་དུ་འདི་ཉིད་ཀྱིས་བཞེངས་པའི་ཐུབ་དབང་གི་གསེར་སྐུ་ཆེ་མོ་གཅིག་དང་། ཙོང་ཁ་པའི་སྐུ་བྱམས་པ། འཇམ་དབྱངས་ཀྱི་སྐུ་སོགས་གསེར་ཟངས་ཀྱི་སྐུ་ཆེ་བ་བཅུ་ཕྲག་སྐོར་ཡོད།

 བླ་མ་ལྷ་ཁང་དུ་རྗེ་རིན་པོ་ཆེའི་དངུལ་སྐུ་ཆེ་བ་གསུམ་དང་། གསེར་ཟངས་སྐུ་ཆེ་བ་གཉིས། ཇོ་འབྲོམ་ཡབ་སྲས། རྒྱལ་དབང་ལྔ་པ་བཅས་ཀྱི་དངུལ་སྐུ་རེ། སྡེ་སྲིད་ཟངས་རི་པས་ཕུལ་བའི་བཀའ་འགྱུར་གསེར་བྲིས་མ། རྗེའི་གསུང་འབུམ་དམ་འབར་མ། གནས་བརྟོན་བཅུ་དྲུག་གི་སེའུ་ཐང་ངོ་མཚར་ཅན་ཉི་ཤུ་རྩ་དྲུག རྗེ་རིན་པོ་ཆེ་དང་། ཇོ་བོ་རྗེའི་རྣམ་ཐར་ཞིང་བཀོད་སྐུ་ཐང་ཆེ་བ་རེ་བཅས་བཞུགས།

རྗེའི་གཟིམ་ཁང་ཁྲི་ཐོག་ཁང་དུ་རྟེན་གཙོ་གོང་གསལ་བློས་བསླངས་གསུམ་གྱི་ལུགས་ཕུད་ད་དུང་དཔའ་བོ་འཇའ་ཚོན་མ་སྟེ་ཥཎྜཀ་པཱ་ལ། རྒྱལ་བ་ཚེ་དཔག་མེད། རྣམ་རྒྱལ་མ། གདུགས་དཀར། འཇམ་དབྱངས་སོགས་ཀྱི་གསེར་སྐུ་བཞུགས།

 ལྔ་མཆོད་ཁང་དུ་ཙོང་ཁ་པའི་ཚེམས་འོད་ཟེར་མ་དང་། འཇམ་དབྱངས་རང་བྱོན་རིང་བསྲེལ་མང་དུ་འཕེལ་བར་གྲགས་པ་དང་། རྗེའི་ཐུགས་དམ་གདུགས་དཀར་ཕག་སྟོང་དབུ་སྟོང་གི་ཞལ་ཐང་ཆེ་བ་གཅིག་མཁས་གྲུབ་རིན་པོ་ཆེས་བཞེངས་པའི་རྗེའི་འདྲ་སྐུ་སོགས་བཞུགས།

བྱང་རྩེའི་གཟིམ་ཁང་དུ་སྔོན་བཅོམ་ལྡན་འདས་གླང་པོའི་སྐེ་བ་བཞེས་པའི་སྐུ་རུས་ལས་གྲུབ་པའི་སྟོན་པ་འཁོར་བཅས་ཀྱི་སྐུ་བཪྙན་དང་། རྗེ་བཀྲ་ཤིས་གདོང་ཁ་མ། གསང་འདུས་དང་། བདེ་མཆོག་གཉིས་ཀྱི་གསེར་ཟངས་སྐུ། འབྲི་གུང་སྤྱན་སྔ་རིན་པོ་ཆེའི་རྟེན་སྐལ་རྣལ་འབྱོར་མའི་སྐུ་གསུང་བྱོན་མ་སོགས་བཞུགས།

པར་ཁང་དུ་རྗེ་རང་གི་གཟིགས་དཔེ་འགྲེལ་པ་བཞི་སྦྲགས་ལམ་རིམ་ཆེ་ཆུང་། སྔགས་རིམ། རིམ་ལྔ་གསལ་སྒྲོན་བཅས་ཀྱི་པར་ཤིང་རྗེའི་ཕག་གནས་མ་བཞུགས་སོ། སྐོར་ལམ་གྱི་ཁྱོན་དུ་རིམ་པ་བཞིན་བདུད་རྩིའི་ཆུ་མིག ཕག་མཁར་བུམ་པ། ཡི་དམ་ཆོས་སྐྱོང་། ཡིག་དྲུག་རང་བྱོན། དམ་པ་རྣམས་ཀྱི་ཕྱག་རྗེས་རྣམས་དང་། ཆོས་རྒྱལ་གྱི་ཞལ་འབག དུང་དཀར་གཏེར་ནས་བཞེས་པའི་རྗེས་ཤུལ། རྗེ་རང་གི་ཕྱག་མཛུབ་ཀྱིས་བྲག་ལ་བྲིས་པའི་རྗེ་ཉིད་ཀྱི་སྐུ། སྤྱན་རས་གཟིགས་ཕག་བཞི་པའི་སྐུ་སོགས་ཤིན་ཏུ་མང་།

དགོན་དེའི་སྦྱིན་བདག་གཙོ་བོར་མི་དབང་གྲགས་པ་རྒྱལ་མཚན། འབྲི་གུང་སྤྱན་སྔ་རིན་པོ་ཆེ། སྡེ་པ་སྐྱིད་ཤོད་པ། གཞིས་ཀ་སྣེའུ་པ་སོགས་དང་ཕྱིས་སུ་རིམ་པར་བྱོན་པ་པཎ་ཆེན་བློ་བཟང་ཆོས་རྒྱན། རྒྱལ་མཆོག་ལྔ་པ་ཆེན་པོ། གུ་ཤྲི་བསྟན་འཛིན་ཆོས་རྒྱལ། སྡེ་སྲིད་བསོད་ནམས་ཆོས་འཕེལ། སྡེ་སྲིད་ཟངས་རི་བ། ལྷ་བཟང་། བཤད་གྲགས་ཕོ་ལྷ་བ། རྒྱལ་མཆོག་བཅུ་གསུམ་པ། གཞན་ཡང་རྒྱ་སོག་བོད་ཡོངས་ནས་བསྙེན་བཀུར་རྒྱ་ཆེར་མཛད།

དགེ་ལྡན་རྣམ་པར་རྒྱལ་བའི་གླིང་ཞེས་པ་གཞི་རྒྱ་ཆེ་ལ་བཀོད་པ་ཕུན་སུམ་ཚོགས་པ་འདི་ནི་ཐོག་མར་རྗེ་ཙོང་ཁ་པ་ཆེན་པོས་ཕྱག་བཏབ་པ་ནས་རྗེ་ཉིད་ཁྲི་ཐོག་དང་པོར་བརྩིས་པ་ནས་ཁྲི་ཆེན་ཀུན་དགའ་བར་དགའ་ལྡན་ཁྲི་པ་དགུ་བཅུ་གོ་དྲུག་བྱོན་ཡོད་ཅིང་། དུས་རབས་རིམ་བྱུང་གི་དགའ་ལྡན་ཁྲི་ཐོག་ལ་སོགས་པ་མཁས་དབང་མང་པོས་གསར་སྐྲུན་དང་ཉམས་གསོ་གནང་ནས་འདུས་སྡེ་རིམ་འཕར་གྱིས་གྲྭ་གྲངས་ལྔ་སྟོང་ལྷག་ཙམ་ནས་མཁས་པའི་དབང་པོ་ནམ་མཁའི་སྐར་ཚོགས་ལྟར་ཐོན་ཞིང་ས་གཞིའི་ཁྱོན་དུ་འབྲུག་ལྟར་གྲགས། དགོན་པ་འདིར་གནའ་བོའི་རིག་དངོས་རྩ་ཆེའི་རིགས་དུ་མ་ཡོད་པ་ལས་གནས་བརྟན་བཅུ་དྲུག་གི་སེའུ་ཐང་དེ་རྣམས་རིན་ཐང་ཧ་ཅང་ཆེ་བའི་རིག་རྫས་ཀྱི་གྲས་ཤིག་ཡིན། ངག་རྒྱུན་དུ་སེའུ་ཐང་དེ་དག་ཐང་རྒྱལ་རབས་ཀྱི་འཚེམ་དྲུབ་ཡིན་སྐད་ཀྱང་སྐུ་ཐང་གི་གོས་རྒྱུ་དང་བཟོ་སྟངས་ལ་གཞིགས་ན་མིང་རྒྱལ་རབས་ཀྱི་དུས་འགོར་ཐོན་པའི་ཅང་སུའུ་རྒྱུད་ཀྱི་གོས་སྐུ་འཚེམ་དྲུབ་མ་འདྲ། སེའུ་ཐང་དེ་རྣམས་བཟོ་སྤུས་ཁྱད་ཏུ་འཕགས་པས་ལོ་རྒྱུས་ཀྱི་རྩ་ཆེའི་རིག་རྫས་གཞན་མཚུངས་མ་མཆིས་པ་ཞིག་ཡིན་ལ་སྤྱི་ལོ་༡༩༦༡ལོ་ནས་བཟུང་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་སྡེ་ཚན་དུ་གཏོགས། ཡིན་ནའང་སྤྱི་ལོ་༡༩༦༩ལོའི་རིག་གནས་གསར་བརྗེའི་དུས་ཟིང་ནང་དགོན་པ་འདི་རྩ་གཏོར་དུ་སོང་ཡང་། ད་ཆ་ཏང་དང་རྒྱལ་ཁབ་ནས་འགྲོ་གྲོན་འབོར་ཆེན་བཏང་སྟེ་སྤྱི་ལོ་༡༩༧༩ལོར་སླར་ཡང་བསྐྱར་གསོ་མཛད་ནས་ལྔ་མཆོད་ཁང་དང་། གསེར་སྡོང་ཁང་། ཡངས་པ་ཅན། ཁྲི་ཐོག་ཁང་། གསེར་ཁྲི་ཁང་། མངའ་རིས་སོགས་རགས་ཙམ་གྲུབ་སྟེ་གྲྭ་གྲངས་ཉིས་བརྒྱ་ལ་ཉེ་བར་གྱུར་ནས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་དང་། དད་ལྡན་སྐྱེ་བོ་རྣམས་ཀྱིས་ཡིད་ཀྱི་དྭངས་བ་འདྲེན་ཅིང་དོན་དང་མཐུན་པའི་གནས་མཆོག་ཅིག་ཏུ་གྱུར།

ཡོང་ཁུངས། བོད་ལྗོངས་ཡུལ་སྐོར་སྣེ་ཤན།
རྩོམ་སྒྲིག་པ། བདེ་ལྷ་མོ།

   མདུན་ངོས་སུ་ལོག་པ།
པར་དབང་ཀྲུང་གོའི་མི་རིགས་རླུང་འཕྲིན་དྲ་ཚིགས་དབང་བས་དབང་བཅོལ་ཆོག་མཆན་མ་བྱས་གོང་ལ་སུ་ཞིག་གིས་ཀྱང་རང་དགར་སྤྱད་མི་ཆོག་པར་མཁྱེན།
ང་ཚོའི་འབྲེལ་གཏུགས་ཁ་པར། 010-86092449   བརྙན་སྐྱེལ།010-86090633
京公网安备110102005709-3号