ཟླ་10པའི་ནང་སྒྲིག་འགལ་བརྙན་ཐུང་ཁྲི་1.1ལྷག་གཙང་བཤེར་བྱས་འདུག
ཚེས་2ཉིན་གསར་འགོད་པར་རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། གཙོ་གནད་དྲ་རྒྱའི་གསན་གཟིགས་སྟེགས་བུ་ཁག་གཅིག་གིས་ཟླ་10པའི“AIཧོད་བསྒྱུར”གྱི་བརྙན་ལམ་ཆེད་དོན་བཅོས་སྐྱོང་བྱས་ཚུལ་ཁྱབ་བསྒྲགས་བྱས་ཏེ་སྒྲིག་འགལ་བརྙན་ཐུང་11000ལྷག་ཙམ་གཙང་བཤེར་བྱས་པ་དང་། སྒྲིག་འགལ་ཐོ་ཁུངས་30ལྷག་ལ་ཁྲིམས་ཆད་བཅད་ཡོད་པ་རེད།
རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱི་ལས་དོན་བཀོད་སྒྲིག་གཞིར་བཟུང་། 2026ལོའི་ཟླ་དང་པོར་སྤེལ་བའི“AIཧོད་བསྒྱུར”གྱི་བརྙན་ལམ་ཆེད་དོན་བཅོས་སྐྱོང་ལས་དོན་ལ་ཕན་འབྲས་དངོས་ཐོན་ཡོད་ཅིང་། བཅོས་སྐྱོང་གི་གྲུབ་འབྲས་སྔར་བས་སྲ་བརྟན་དུ་གཏོང་ཆེད། ཟླ་2པའི་ཚེས་1ཉིན་ནས་བཟུང་། “AIཧོད་བསྒྱུར”གྱི་བརྙན་ལམ་བཅོས་སྐྱོང་ལས་དོན་དེ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་གྱི་ཕུགས་ཕན་ལམ་སྲོལ་བརྒྱུད་རྒྱུན་མཐུད་ངང་སྤེལ་ཡོད། རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱིས་དྲ་རྒྱའི་གསན་གཟིགས་སྟེགས་བུ་གཙོ་བོ་ཁག་ལ་ལྟ་སྐུལ་མཛུབ་ཁྲིད་བྱས་ཐོག གཙོ་གཟུགས་འགན་འཁྲི་དོན་འཁྱོལ་སྔར་བས་གཏིང་ཟབ་བྱེད་པ་དང་། རྒྱུན་གཏན་གྱི་གྲལ་བཤེར་ལ་ཤུགས་སྣོན་བརྒྱབ་སྟེ་བརྩམས་ཆོས་གྲགས་ཅན་བཞི་དང་། ལོ་རྒྱུས་ཀྱི་བརྗོད་བྱ། གསར་བརྗེའི་བརྗོད་བྱ། དཔའ་བོ་དཔེ་བཟང་མི་སྣ་སོགས་ཕུལ་བྱུང་གློག་བརྙན་བརྙན་འཕྲིན་བརྩམས་ཆོས་དག་ལ“AIཡིས་ཧོད་བསྒྱུུར”བྱས་པའི་སྒྲིག་འགལ་བརྙན་ལམ་ལ་གཙོ་གནད་ཐོག་གཙང་བཤེར་བྱེད་དགོས་པ་དང་ཆབས་ཅིག ལོག་སྒྱུར་འགུལ་རིས་སྣ་ཚོགས་དུས་གཅིག་ཏུ་གཙང་བཤེར་བྱས་ནས་བདེ་ཐང་གི་དྲ་རྒྱའི་གསན་གཟིགས་འབྱུང་ཁམས་ཁོར་ཡུག་ཅིག་རྒྱུན་མཐུད་ངང་གཏོད་རྒྱུ་ཡིན་པ་རེད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
















