ཧྥ་རན་སེའི་ལོ་བརྒྱའི་ལོ་རྒྱུས་ལྡན་པའི་ཁང་པ་འདི་མེས་འཚིགས་འདུག
ཟླ་10ཚེས་17ཉིན། ཧྥ་རན་སེའི་མི་ཁྲི་བཅུ་ཕྲག་ཁ་ཤས་ཁྲོམ་གཞུང་དུ་བསྐྱོད་དེ། འཚོ་བའི་མ་གནས་འཕར་བ་དང་སྤྱི་པའི་ཞབས་ཞུ་ཞན་དུ་ཕྱིན་པར་རྒོལ་གཏམ་བཏང་ཡོད། ཕ་རི་སི་སོགས་ས་ཆ་མང་པོར་ཉེན་རྟོག་པ་དང་རྒོལ་གཏམ་གཏོང་མཁན་བར་གདོང་ཐུག་དྲག་པོ་ཐོན་པ་དང་། གདོང་རས་གོན་པའི་མི་སྣ་དང་འབྲེལ་བ་ཡོད་པའི་གཏུམ་སྤྱོད་ཀྱི་དོན་རྐྱེན་ཐོན་ཡོད། ཧྥ་རན་སེའི་དབུས་ལྷོའི་རྒྱུད་ཀྱི་གྲོང་ཁྱེར་ཆུང་ངུ་ལི་མོ་རིར་ལོ་ངོ་143གྱི་ལོ་རྒྱུས་ལྡན་པའི་གྲོང་ཁྱེར་སྲིད་གཞུང་ཐོག་ཁང་མེས་འཚིགས་ཤིང་། མེ་ལྕེ་ཐོག་སྟེང་བར་མཆེད་པ་དང་། མཐོ་ཚད་ལ་སྨི་43ཡོད་པའི་ཅོང་ཁང་བརྡིབས་ཡོད། ས་གནས་དེ་གའི་སྲིད་གཞུང་གིས། 1883ལོར་བསྐྲུན་པའི་གྲོང་ཁྱེར་སྲིད་གཞུང་ཐོག་ཁང་གི་ཐོག་ཁ་བརྡིབས་པ་དང་། མདུན་ངོས་ཀྱི་ཕྱིའི་གྱང་གི་གསུམ་ཆ་གཉིས་མེས་འཚིགས་ནས། བཟོ་བཀོད་དེ“སྤྱིར་ན་རྩ་གཏོར་སོང་ཡོད”པས། “ལོ་རྒྱུས་ཤུལ་བཞག་གི་ཆག་སྒོ”ཞིག་རེད་ཅེས་བརྗོད་ཆོག་ཅེས་བརྗོད་ཡོད། གོ་ཐོས་ལྟར་ན། ཁང་པ་དེའི་ཇུས་འགོད་ཀྱི་བློ་སྒོ་ནི་ཕ་རི་སིའི་གྲོང་ཁྱེར་སྲིད་གཞུང་ཐོག་ཁང་གི་བཟོ་བཀོད་ལས་སྐྱེས་ཤིང་། སྲུང་སྐྱོབ་ཐོབ་པའི་ལོ་རྒྱུས་གནའ་ཤུལ་ཞིག་ཡིན།
ད་ཐེངས་ནི་ཉེ་ལམ་ལོ་ཤས་རིང་ཧྥ་རན་སེར་ཐོན་པའི་གཏུམ་སྤྱོད་དང་ཟིང་འཁྲུག་གི་དོན་རྐྱེན་ཚབས་ཆེ་ཤོས་ཀྱི་གྲས་ཤིག་ཡིན་པ་དང་། མི་1200ཙམ་འཛིན་བཟུང་བྱས་ཟིན་ཞིང་། ཉེན་རྟོག་པ་150ལྷག་ཙམ་ལ་རྨས་སྐྱོན་ཕོག་ཡོད། ཧྥ་རན་སེའི་ནང་སྲིད་པུས། ཧྥ་རན་སེ་ཡོངས་ཀྱི་མི་ཁྲི་55ཙམ་ཉིན་དེའི་རྒོལ་གཏམ་གཏོང་བའི་བྱེད་སྒོའི་ནང་ཞུགས་ཡོད་ཅེས་བརྗོད་འདུག
ཧྥ་རན་སེ་སྲིད་གཞུང་གིས་2027ལོའི་ནོར་སྲིད་སྔོན་རྩིས་ཇུས་གཞིར་སྐུལ་འདེད་གཏོང་བའི་རྒྱབ་ལྗོངས་འོག མང་ཚོགས་ཀྱིས་འཚོ་བའི་མ་གནས་དང་། ཚོང་ཟོག་ཉོ་ནུས། སྤྱི་པའི་ཞབས་ཞུ་བཅས་ལ་ཡི་མ་རང་བའི་རྣམ་འགྱུར་བསྟན་ཚད་སྔར་བས་མངོན་གསལ་དོད་དུ་ཕྱིན་ཡོད། ནོར་སྲིད་མཚལ་ཡིག་དང་། སྤྱི་ཚོགས་ཀྱི་རེ་ཞུ། དེ་བཞིན་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་བཅས་ལ་དམིགས་ཏེ། ཧྥ་རན་སེ་སྲིད་གཞུང་ལ་ཚོད་བགམ་མང་པོ་འཕྲད་བཞིན་ཡོད་པ་རེད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
















