ཟློས་གར་འདི་པེ་ཅིང་དུ་འཁྲབ་སྟོན་བྱས་འདུག
མི་རིང་བའི་གོང་། སྐབས་བདུན་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་རིག་རྩལ་འཁྲབ་སྟོན་དེ་པེ་ཅིང་དུ་གཟབ་རྒྱས་ངང་འཁྲབ་སྟོན་བྱས་པ་དང་། གསར་བརྗེའི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་ཆེད། ཧོ་ནན་ཞིང་ཆེན་ཤིན་དབྱང་གྲོང་ཁྱེར་གྱི་ལོ་རྒྱུས་དངོས་ལ་གཞི་བཅོལ་བའི་གསར་བརྗེའི་བརྗོད་དོན་གཙོ་བོར་བྱས་པའི་ཟློས་གར《ཁམ་སྡོང་དཀར་པོའི་འོག་》ཞེས་པ་པེ་ཅིང་དུ་འཁྲབ་སྟོན་བྱས་ཏེ། རྒྱ་ཆེའི་གཟིགས་མོ་བ་རྣམས་ཀྱི་སེམས་ཁོང་དུ་མི་ནུབ་པའི་བག་ཆགས་ཟབ་མོ་བཞག་ཡོད།

དེ་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་ལྟར་ན། ད་ལོ་ནི་ཀྲུང་གོའི་བཟོ་ཞིང་དམར་དམག་གི་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་90ཏག་ཏག་འཁོར་ཡོད། ཧོ་ནན་ཤིན་དབྱང་ཧོ་ཅ་ཁྲུང་ཞེས་པར་ལོ་ངོ་ 1000 ལྷག་གི་ལོ་རྒྱུས་ལྡན་པའི་ཁམ་སྡོང་དཀར་པོ་ཞིག་ཡོད་ཅིང་། དེ་སྔོན་དམར་དམག་དམག་སྡེ་25པ་ཁམ་སྡོང་དཀར་པོ་འདིའི་འོག་ཏུ་འདུ་འཛོམས་བྱས་ནས་རླབས་ཆེན་གྱི་རྒྱང་སྐྱོད་ལམ་བུར་ཆས་པ་རེད། དམར་དམག་དམག་སྡེ་25པའི་དཔུང་ཁག་དེ་ནི་ཧྲའན་ཞིའི་བྱང་རྒྱུད་དུ་འབྱོར་སྔ་ཤོས་ཀྱི་རྒྱང་སྐྱོད་དམག་དཔུང་ཡིན་ལ། དམག་དཔུང་དེའི་ནང་མང་ཆེ་བ་ལོ་ན་ཆུང་བའི་བྱིས་པའི་དམག་མི་ཤ་སྟག་ཡིན་ཡང་། ཕྱིས་སུ་དམག་དཔུང་དེ་ལས་དམག་དཔོན་97ཙམ་བྱུང་ནས་ལོ་རྒྱུས་ཐོག་མི་འཇིག་པའི་བྱས་རྗེས་བསྐྲུན་ཡོད།

ཟློས་གར་དེའི་སྒྱུ་རྩལ་སྤྱི་ཁྱབ་ལྟ་སྐུལ་པ་ཁྲེན་ཅིང་གིས། འདི་ལོ་ནི་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་90འཁོར་བའི་ལོ་ཞིག་ཡིན་པས། ཟློས་གར་འདི་འཁྲབ་སྟོན་བྱས་པ་ནི་སླར་ཡང་རྣམ་པ་གསར་པའི་སྒོ་ནས་རྒྱང་སྐྱོད་ཀྱི་ལམ་དུ་ཆས་པ་དང་གཉིས་སུ་མེད་ཅེས་བརྗོད་པ་རེད།

ཟློས་གར་དེའི་ནང་དུ་གསར་བརྗེའི་དུས་སྐབས་ཀྱི་མི་སྣ་སྣ་ཚོགས་ཀྱི་སྣང་བརྙན་གསོན་ཉམས་ལྡན་པའི་སྒོ་ནས་བཞེངས་སྐྲུན་བྱས་ཡོད། འཁྲབ་སྟོན་པ་ཝང་ཞུའེ་དང་ཝུའེ་ཧོན། ཐེན་ཡུས་ཆན། ཧན་ཆིའུ་ཅུན་སོགས་ཀྱིས་མི་སྣའི་གཤིས་ཀ་དང་ཁྱད་ཆོས་འབུར་དུ་ཐོན་པར་བྱ་ཆེད། ཡིག་ཆ་དང་གློག་བརྙན་སྣ་ཚོགས་ལ་སློབ་སྦྱོང་བྱས་པ་མ་ཟད། དངོས་ཡོད་འཚོ་བའི་ནང་སོང་ནས་ལད་མོ་དང་སྦྱོང་བརྡར་ནན་ཏན་བྱས་ཡོད། དཔེར་ན། ལོ་ན་16དང་14ལ་སོན་པའི་དམར་དམག་ཆུང་ཆུང་གི་སྙིང་སྟོབས་མཚོན་ཕྱིར་དམའ་རིམ་སློབ་འབྲིང་གི་སློབ་མར་ལྟ་ཞིབ་བྱས་པ་དང་། ཆུ་འཁུར་མྱོང་མེད་པའི་འཁྲབ་སྟོན་པས་ཆེད་མངགས་ཆུ་འཁུར་སྟངས་སྦྱངས་པ། དགྲ་བོའི་བཙན་བཟུང་ཁུལ་དུ་རྫུན་ཆས་སྤྲས་ནས་སྲོག་ཉེན་ལ་མ་འཛེམས་པར་སྐྱོད་པའི་འཕྲིན་གཏོང་བའི་དཔའ་ངར་མཚོན་པར་བྱས་པ། ལྷག་པར་དུ་མི་ངན་ཀྲའོ་ཧྥུ་ཆོན་གྱི་བཙན་འོག་ཏུ། ཨ་ནེ་ཧུང་གིས་རང་གི་ཤ་ལས་ཆད་པའི་ལོ་16ལ་སོན་པའི་བུ་ངོ་མ་དེ་དགྲ་བོར་རྩིས་སྤྲད་ནས་དམར་དམག་སྲུང་སྐྱོབ་བྱས་པའི་སེམས་འགུལ་ཐེབས་པའི་མཛད་རྗེས་སོགས་དམག་དམངས་དབར་གྱི་ཆུ་ཉ་ལྟ་བུའི་བརྩེ་སེམས་ཟབ་མོ་དེ་གཟིགས་མོ་བའི་མིག་ལམ་དུ་མངོན་པར་བྱས་ཡོད།



སྒྱུ་རྩལ་གྱི་མཚོན་སྟངས་ཐད་ནས། ཟློས་གར་དེའི་བསྐྱར་འཁྲབ་འཁྲབ་ཁྲིད་པ་ཞུས་ལིན་ལིན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཐེངས་འདིའི་འཁྲབ་གཞུང་ནང་ཧོ་ནན་ཤིན་དབྱང་ཁུལ་གྱི་རིག་གནས་ལས་དམངས་གཞས་ཐུང་ངུ་མང་པོ་བསྲེས་ཡོད་དེ། དཔེར་ན། ཚང་མས་ཆ་རྒྱུས་ཡོད་པའི《ཟླ་8པའི་ཀུའེ་ཧྭ་མེ་ཏོག》ཅེས་པའི་གཞས་ཚན་བཅོས་སྒྲིག་བྱས་ཡོད་པ་དང་། ལྷག་པར་དུ་དེང་རབས་ཀྱི་གློག་བརྙན་འཕྲོ་སྟོན་ལག་རྩལ་དང་བརྙན་ཤེལ་ཆེ་གྲས་ཀྱི་འཕྲུལ་རིག་སོགས་མཉམ་བསྲེས་བྱས་ནས། སྲོལ་རྒྱུན་དང་དེང་རབས་ཟུང་འབྲེལ་གྱི་སྒོ་ནས་གར་སྟེགས་ཀྱི་མཛེས་དཔྱོད་ཕུན་སུམ་ཚོགས་སུ་བཏང་ཡོད།

མདོར་ན། ཟློས་གར་དེའི་སྒྱུ་རྩལ་སྤྱི་ཁྱབ་ལྟ་སྐུལ་པ་ཁྲེན་ཅིང་གིས་གསུངས་པ་བཞིན། ཟློས་གར་འདི་འཁྲབ་སྟོན་བྱེད་པའི་དམིགས་ཡུལ་གཙོ་བོ་ནི། ཏ་པེ་ཧྲན་རི་བོའི་གསར་བརྗེའི་སྙིང་སྟོབས་དང་། གསར་བརྗེའི་རྟེན་གཞི་རྙིང་པའི་མི་དམངས་ཀྱིས་ཏང་དང་དམར་དམག་ལ་བཅངས་པའི་ལྷག་བསམ་ཟོལ་མེད་ཀྱི་བརྩེ་སེམས་དེ་དག་གཟིགས་མོ་བ་དེ་བས་མང་བར་དྲིལ་བསྒྲགས་བྱས་ཏེ། རླབས་ཆེན་གྱི་གསར་བརྗེའི་སྙིང་སྟོབས་དེ་མི་རབས་ནས་མི་རབས་བར་དུ་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ་དེ་ཡིན། ཟློས་གར་འདིས་ལོ་རྒྱུས་ལ་ཕྱིར་མིག་དང་སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུས་པ་མ་ཟད། དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུའི་ཐོག་མདུན་སྐྱོད་བྱེད་པར་རྒྱ་ཆེའི་མང་ཚོགས་ལ་བསམ་པའི་སྒུལ་ཤུགས་ཆེན་པོ་ཞིག་ཀྱང་མཁོ་འདོན་བྱས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
















