ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

ཚེ་རིང་ནད་མེད་ཡོང་འདོད་ན་ཟ་མ་ཚད་དང་རན་པ་ཟ་དགོས།

2026-09-22 15:42:00     责编:卓玛才让

ངག་རྒྱུན་དུ། "ཟ་མ་ཚད་དང་རན་པ་ཟོས་པ་ན། མི་ཚེ་གང་པོར་བདེ་ཐང་ཡོང་བར་ངེས"ཞེས་པའི་ཤོད་སྲོལ་ཡོད། དེང་རབས་ཚན་རིག་གིས་ར་སྤྲོད་བྱས་པ་ལྟར་ན། ནད་རིགས་མང་པོ་ཞིག་དོན་དངོས་སུ་མིད་པ་བསུབ་བསུབ་བར་དུ་"ཟོས་དྲགས་པའི"རྐྱེན་གྱིས་བྱུང་བ་རེད། རྒྱུན་དུ་གྲོད་པ་ཅུང་ཟད་ལྟོགས་མདོག་བྱས་ནས་བསྡད་ན་ལུས་ཁམས་བདེ་ཐང་ལ་དངོས་གནས་ཕན་ཐོགས་ཧ་ཅང་ཆེ།

དང་པོ། ཉེན་བརྡ། ནད་མང་པོ་ཞིག་"ཟོས་དྲགས་པ"ལས་འབྱུང་གི་ཡོད།

ཟ་མ་རྟག་པར་མང་དྲགས་ནས་ལུས་པོའི་མ་ལག་མང་པོ་ཞིག་གིས་ཐེག་མི་ཐུབ་པར་སྐྱོན་འདོན་གྱི་ཡོད།

1. འཇུ་བྱེད་མ་ལག་ལ་ཁུར་ལྕི་བ། ཕོ་བ་རྒྱགས་དྲགས་ན་ནང་ཁྲོལ་གཞན་དག་མནན་ནས་གྲོད་པ་སྦོས་པ་དང་སྐྱུག་མེར་ལངས་པ་འབྱུང་ལ། ཕོ་བ་དང་མཆེར་པ། མཁྲིས་པ་སོགས་འཇུ་བྱེད་དབང་པོ་རྣམས་ངལ་གསོ་རྒྱུ་མེད་པར་དུས་ཡུན་རིང་པོར་ལས་ཀ་བྱེད་དགོས་འཁེལ་གྱི་ཡོད།

2. ཁྲག་མངར་མྱུར་དུ་འཕར་བ། ལྷག་པར་དུ་འབྲས་དང་གྲོ་ཞིབ་སོགས་མང་པོ་ཟོས་རྗེས། ཁྲག་གི་མངར་ཆ་གློ་བུར་དུ་འཕར་ཞིང་། ཟོས་མ་ཐག་ཏུ་མི་ལ་ཐང་ཆད་པ་དང་གཉིད་ཅོག་རྒྱག་འདོད་པའི་སྣང་བ་དེ་འབྱུང་གི་ཡོད།

3. སྙིང་དང་ཁྲག་རྩའི་ཁུར་པོ་ལྕི་རུ་འགྲོ་བ། ཟས་འཇུ་སླད་དུ་ཕོ་ལོང་ནང་ཁྲག་མང་པོ་འགྲོ་དགོས་པས། རྟག་པར་བཟའ་བཏུང་ལ་རྔམ་དྲགས་ན་སྙིང་གི་ཁུར་པོ་ལྕི་རུ་སོང་སྟེ། ཁྲག་ཤེད་མཐོ་རུ་འགྲོ་བ་དང་། ཐ་ན་སྙིང་རྩ་དང་ཀླད་རྩ་འགག་པའི་ནད་ཡན་ཆད་འབྱུང་སྲིད།

4. ཚོན་པོ་ཆགས་པ་དང་ནད་རིགས་མང་པོ་འབྱུང་བ། ཡུན་རིང་ཟོས་དྲགས་ན་མི་ཤ་རྒྱགས་པ་ཆགས་ཤིང་། ཚོན་པོ་ཆགས་པ་ནི་གཅིན་སྙི་ཟ་ཁུའི་ནད་དང་། སྙིང་གི་ཁྲག་རྩའི་ནད། གྲུམ་བུ། མཆིན་པར་ཚིལ་ཞུགས་པ་སོགས་ཉེན་ཁ་ཆེ་བའི་ནད་རིགས་སློང་བྱེད་ཀྱི་རྩ་བ་ཡིན་པས། ཚེ་སྲོག་ལའང་ཉེན་ཁ་ཆེན་པོ་བཟོ་གི་ཡོད།

གཉིས་པ། ཧ་ལས་པའི་ཕན་ཐོགས། ཅུང་ཟད་ལྟོགས་པར་བསྡད་ན་ལུས་ལ་ཕན་པ་ཆེ། 

1. ནད་འགོག་ནུས་པ་ཇེ་བཟང་དུ་འགྲོ་བ། 2025ལོའི་ཟླ་4པའི་ཞིབ་འཇུག་ལྟར་ན། མི་ལ་བཀྲེས་ལྟོགས་ཀྱི་ཚོར་བ་སྐྱེས་དུས། དབང་རྩའི་མ་ལག་གིས་ནད་འགོག་ཕྲ་ཕུང་སྙོམས་སྒྲིག་བྱས་ནས་གཉན་ཚད་(རྣག་ཁྲག)འཇོམས་པར་བྱེད། རྟག་ཏུ་ཅུང་ཟད་ལྟོགས་པར་བསྡད་ན་ནད་འགོག་ནུས་པ་ཆེ་རུ་འགྲོ་བ་ཤེས་རྟོགས་བྱུང་ཡོད།

2. ཁྲག་མངར་དང་ཁྲག་ཚིལ་སྙོམས་པོ་ཡོང་བ། རེས་མོས་ཀྱིས་ཟས་སྤོང་བ་དང་རྟག་ཏུ་གྲོད་པ་ཅུང་ཟད་ལྟོགས་པར་བཞག་ན། གཅིན་སྙིའི་ནད་ཀྱི་ཉེན་ཁ་ཆུང་དུ་འགྲོ་ལ། ཁྲག་གི་ནང་དུ་ཚིལ་མང་དྲགས་པའི་སྐྱོན་ཡང་སེལ་ཐུབ་པར་ཕན་ཐོགས་ཧ་ཅང་ཆེ།

3. ལུས་ལ་སྟོབས་ཤུགས་རྒྱས་པ། འབྲས་དང་གྲོ་ཞིབ་ལྟ་བུ་ནུས་པ་མྱུར་དུ་འདོན་པའི་ཟས་རིགས་མང་དྲགས་ན་ཁྲག་མངར་མཐོ་རུ་སོང་ནས་མི་ཐང་ཆད་སླ་པོ་ཡོང་གི་ཡོད། དེ་ལས་ལྡོག་སྟེ་མ་རྨོས་ལོ་ཏོག་དང་གྲོ་མ། རྩམ་པ། སྲན་མ་སོགས་རྩིང་པོའི་རིགས་ཟོས་ན། གོ་ཆོད་ལ་ཁྲག་མངར་ཡང་མྱུར་དུ་མི་འཕར་བས། ཟོས་རྗེས་རིག་པ་དྭངས་ཤིང་ལུས་ལ་གསོན་ཤུགས་གསར་པ་རྒྱས་ཐུབ།

4. རྒས་ཀ་དལ་བ་དང་ཚེ་རིང་བ། 2023ལོའི་《རང་བྱུང་ཁམས་དང་རྒས་པ》ཞེས་པའི་ཞིབ་འཇུག་ལྟར་ན། ཉིན་རེའི་ཟ་མ་བརྒྱ་ཆ་25ཙམ་ཉུང་དུ་བཏང་ན། མིའི་རྒས་པའི་མྱུར་ཚད་བརྒྱ་ཆ་2ནས་3བར་དལ་དུ་འགྲོ་བ་དང་། སྔ་མོ་ནས་འཆི་བའི་ཉེན་ཁ་བརྒྱ་ཆ་10ནས་15བར་ཉུང་དུ་གཏོང་ཐུབ་པ་ར་སྤྲོད་བྱུང་ཡོད།

གསུམ་པ། ལག་ལེན་བྱེད་སྟངས། ཚན་རིག་དང་མཐུན་པར་བཀྲེས་ལྟོགས་རྒྱུན་འཁྱོངས་བྱེད་པ།

ཨུ་ཚུགས་ཀྱིས་ཟས་བཅད་ན་གནོད་པ་ལས་ཕན་པ་མེད། དེས་ན་བདེ་ཐང་དང་མཐུན་པའི་སྒོ་ནས་"ཅུང་ཟད་ལྟོགས་པར་སྡོད་པའི"ཐབས་ཤེས་འདི་དག་སྤྱོད་དགོས།

1.  ལྟོ་ཚོད་རན་པོ་དགོས་པ། རྒྱུན་ལྡན་གྱི་མི་ཞིག་གིས་ཉིན་རེར་ཟ་མ་ཚད་ལས་བརྒལ་ནས་ཟ་བཞིན་ཡོད་ཚེ། གློ་བུར་དུ་མ་ཡིན་པར་རིམ་བཞིན་ཉུང་དུ་གཏོང་དགོས། ཡིད་གཟབ་བྱ་དགོས་པ་ཞིག་ལ། ལོ་60ཡན་གྱི་རྒན་རྒོན་དང་། བྱིས་པ། སྦྲུམ་མ། གཅིན་སྙིའི་ནད་པ་བཅས་ཀྱིས་རྨོངས་ཚོད་ཀྱིས་ཨུ་ཚུགས་བརྒྱབ་སྟེ་ཟས་བཅད་མི་རུང་བར་སྨན་པའི་བསླབ་བྱ་ཉན་དགོས།

2. བཅུད་ལྡན་དང་འཇུ་དལ་བའི་ཟས་རིགས་སྡེབ་དགོས། སྤྲི་དཀར་དང་ཚི་སྣ་མང་བའི་ཟས་རིགས་ཟོས་ན་གྲོད་པ་མི་ལྟོགས་ལ་ཤ་གནད་ཀྱང་མི་ཉམས། འབྲས་དང་གྲོ་ཞིབ་མང་པོ་ཟ་བའི་ཚབ་ཏུ། ཡུག་པོ་(སོ་བ)དང་། སྲན་མ། ཞོག་ཁོག་སོགས་ཀྱི་ཟས་རྩིང་པོའི་རིགས་དང་། ཤ ཉ་ཤ སྒོ་ང་། འོ་མ། སྔོ་ཚལ་དང་ཤིང་འབྲས་སོགས་མཉམ་དུ་བཟའ་དགོས། འདི་ནི་ལུས་པོར་ཚ་ནུས་དལ་གྱིས་སྤྲོད་པའི་ཐབས་ཤེས་ཡག་ཤོས་རེད་ལ། ཟ་མ་ཉུང་ཉུང་གིས་ཐེངས་མང་དུ་ཟ་བ་དང་ག་ལེར་ལྡད་ནས་ཟོས་ན་ཧ་ཅང་བཟང་།

3. "ཁ་སྲེད་པ"དང་"དངོས་གནས་ལྟོགས་པ"གཉིས་ཁྱད་པར་འབྱེད་དགོས། རེས་འགའ་ང་ཚོས་ཟ་མ་ཟ་འདོད་པ་དེ་དངོས་གནས་དགོས་མཁོ་ཡོད་པས་མ་ཡིན་པར་ཁ་སྲེད་པའམ་ཧམ་པ་སྐྱེས་པས་རེད། ཟས་ལ་ལག་པ་མ་འཆང་གོང་སྐར་ཆ་2ནས་3རིང་ངང་སྒུག་ཅིག་བྱས་ཏེ། རང་ཉིད་དངོས་གནས་ལྟོགས་པ་རེད་དམ་ཡང་ན་སེམས་ཀྱི་འདོད་རྔམ་རེད་བསམ་བློ་ཞིག་ཐོངས། དུས་ཐོག་ཏུ་ངལ་གསོ་བ་དང་ལུས་རྩལ་རྩེས་ན་ཟ་འདོད་པའི་འདོད་རྔམ་དེ་འགོག་ཐུབ།

4. མི་སོ་སོའི་ཁམས་དང་བསྟུན་དགོས། མི་གཞན་གྱིས་ཟས་བཅད་པ་མཐོང་ཚད་རང་གིས་རྨོངས་ཚོད་ཀྱིས་མི་བྱེད་པར། རང་གི་ལུས་ཁམས་དང་འཚོ་བའི་གོམས་སྲོལ་དང་བསྟུན་ནས་ལེགས་སྒྲིག་བྱ་དགོས། གལ་ཏེ་གྲོད་པ་ལྟོགས་ནས་ལུས་པོ་མི་བདེ་བ་བྱུང་ཚེ། མྱུར་དུ་མཚམས་འཇོག་བྱས་ཏེ་སྔར་བཞིན་རྒྱུན་ལྡན་དུ་ཟ་དགོས།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

中央广播电视总台 央广网 版权所有

ཚེ་རིང་ནད་མེད་ཡོང་འདོད་ན་ཟ་མ་ཚད་དང་རན་པ་ཟ་དགོས།

ངག་རྒྱུན་དུ། "ཟ་མ་ཚད་དང་རན་པ་ཟོས་པ་ན། མི་ཚེ་གང་པོར་བདེ་ཐང་ཡོང་བར་ངེས"ཞེས་པའི་ཤོད་སྲོལ་ཡོད། དེང་རབས་ཚན་རིག་གིས་ར་སྤྲོད་བྱས་པ་ལྟར་ན། ནད་རིགས་མང་པོ་ཞིག་དོན་དངོས་སུ་མིད་པ་བསུབ་བསུབ་བར་དུ་"ཟོས་དྲགས་པའི"རྐྱེན་གྱིས་བྱུང་བ་རེད།