ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

རིག་པ་རྟུལ་དུ་སོང་འདུག་ན་ཐབས་ཤེས་ལྔ་འདི་སྤྱོད་དང་།

2026-09-22 15:38:00     责编:卓玛才让

ཀླད་པ་ནི་མིའི་ལུས་པོ་ཡོངས་ལ་བཀོད་འདོམས་བྱེད་པའི་ལྟེ་གནས་ལྟ་བུ་ཡིན་པས། དེས་ཆ་འཕྲིན་ཐག་གཅོད་པ་དང་། ཤེས་རབ་དང་སེམས་ཁམས་ཚོད་འཛིན་བྱེད་པའི་འགན་འཁུར་ཡོད། མཚམས་རེར་རང་ཉིད་ཀྱི་"ཀླད་པ་འཁོར་གྱི་མི་འདུག"གམ་"རིག་པ་རྟུལ་དུ་སོང་འདུག"སྙམ་པའི་དུས་སུ་སེམས་ཁྲལ་མ་བྱེད། མི་དར་མར་གྱུར་རྗེས་ཀླད་པའི་ཆེ་ཆུང་ལ་དངོས་པོའི་གཟུགས་དབྱིབས་ཀྱི་འགྱུར་བ་ཆེན་པོ་མི་འགྲོ་ཡང་། ཀླད་པའི་དབང་རྩའི་ཕྲ་ཕུང་ལ་མཐུན་འགྱུར་གསར་སྐྱེས་ཀྱི་ནུས་པ་ཧ་ཅང་ཆེན་པོ་ཡོད། རྒྱུན་ལྡན་གྱི་འཚོ་བའི་ཁྲོད་གཤམ་གསལ་གྱི་དོན་ཆུང་5པོ་རྒྱུན་འཁྱོངས་བྱས་ན། ཁྱེད་ཀྱི་ཀླད་པར་སླར་ཡང་"ཀླད་སྟོབས་གསོ་བར"ཕན་ཐོགས་ཆེན་པོ་ཡོད།

1. ཉ་ཤ་ཟོས་ནས་ཀླད་པ་བསོ་བ། (Omega-3ཞེས་པའི་བཅུད་རྫས་ཁ་སྐོང་བ།)

ཉ་ཤ་དང་ཟས་རིགས་གཞན་གྱི་ཁྱད་པར་ཆེ་ཤོས་ནི་མིའི་ལུས་པོས་རང་བཞིན་གྱིས་བསྐྲུན་མི་ཐུབ་པའི་དགོས་ངེས་ཀྱི་ཚིལ་སྐྱུར་ཏེ་ཨོ་མེ་ག་གསུམ་པ་(Omega-3)ཡིས་ཕྱུག་པ་དེ་ཡིན། དེས་ཁྲག་ནང་གི་ཚིལ་གྱི་ཆ་ཤས་ཉུང་དུ་གཏོང་བ་དང་། ནད་འགོག་ནུས་པ་ཆེ་རུ་གཏོང་བ། ལྷག་པར་དུ་དྲན་པ་གསོ་བའི་སྲོག་ཤིང་གི་ནུས་པ་ཐོན་གྱི་ཡོད།

ལག་བསྟར་བྱ་ཐབས། ཚན་རིག་དང་མཐུན་པའི་བཟའ་བཅའི་ལམ་སྟོན་ལྟར་ན། གཟའ་འཁོར་རེར་ཉ་ཤ་ཐེངས་གཉིས་ཙམ་ཟོས་ན་ལེགས་ཤིང་། མང་ཉུང་གི་ཚད་ནི་ཁེ་300ནས་500ཡི་བར་ཙམ་ལ་ཚོད་འཛིན་བྱ་དགོས།

2. ལུས་རྩལ་གྱིས་ཀླད་པ་བདེ་བར་སྲུང་བ། (མཚོ་རྟའི་གཟུགས་ཆེ་རུ་གཏོང་བ།)

ལུས་རྩལ་གྱིས་ལུས་སྟོབས་རྒྱས་པར་བྱེད་པ་མ་ཟད། ཀླད་པའི་ནང་གི་སློབ་སྦྱོང་དང་དྲན་ཤེས་བསྡུ་གསོག་བྱེད་སའི་ལྟེ་གནས་ཏེ་མཚོ་རྟའི་གཟུགས་ཆེ་རུ་བཏང་ནས། ཤེས་རྟོགས་ཉམས་རྒུད་དུ་འགྲོ་བ་དང་རིག་པ་རྟུལ་བར་འགྱུར་བའི་ཉེན་ཁ་ཆུང་དུ་གཏོང་གི་ཡོད།

ལག་བསྟར་བྱ་ཐབས། ཀླད་པར་ཕན་པའི་ལུས་རྩལ་རིགས་4ཡོད་དེ།

རྔུལ་འདོན་འབྲིང་རིམ་ལུས་རྩལ། མགྱོགས་པོར་འགྲོ་བ་དང་། དལ་རྒྱུག་བྱེད་པ། རྐང་འཁོར་བཞོན་པ་སོགས་གཟའ་འཁོར་རེར་ཉུང་མཐར་ཡང་སྐར་མ་150རིང་བྱ་དགོས་ལ། ཤུགས་ཚད་ནི་"སྐད་ཆ་ཤོད་ཐུབ་ཀྱང་གླུ་གཞས་གཏོང་མི་ཐུབ་པའི"ཚད་དུ་རྒྱུན་འཁྱོངས་བྱེད་དགོས།

ཤུགས་དྲག་ཆེ་བའི་བར་མཚམས་ལུས་རྩལ། (HIIT)འདི་ནི་སྔོན་ཆད་ནས་ལུས་རྩལ་རྨང་གཞི་ཡོད་པའི་མི་ལ་ལྷག་པར་དུ་འཚམ།

རྩལ་སྤྱོད་ལུས་རྩལ། སྤོ་ལོའི་རིགས་དང་། ཞབས་བྲོ་འཁྲབ་པ། བྲག་འཛེག་པ་སོགས་ཏེ། འདི་ལ་"ལུས་པོའི་འགུལ་བསྐྱོད་དང་ཀླད་པའི་བསམ་བློ"གཉིས་ཀ་མཉམ་དུ་ཞུགས་དགོས་ཤིང་། བློ་རྩེ་སྒྲིམ་མི་ཐུབ་པ་དང་། ཀླད་པའི་ནང་སྟོང་པར་གྱུར་པའི་ཚོར་བ་འབྱུང་མཁན་རྣམས་ལ་དམིགས་བསལ་གྱིས་འཚམ།

ཤུགས་སྦྱོང་ལུས་རྩལ། ཙོག་པུར་འདུག་ལང་བྱེད་པ་དང་བྲང་འདེགས་མཉེད་པ་སོགས་ཡོད། འདི་དག་ནི་ལས་ཀའི་བར་གསེང་ནས་འཆམ་འཆམ་དུ་འགྲོ་བ་དང་། ལས་ཀ་གྲོལ་ཁར་སྔ་ཙམ་རླངས་འཁོར་ལས་བབས་ཏེ་གོམ་པ་སྤོ་བ་སོགས་དོན་ཆུང་ནས་འགོ་བརྩམས་ཏེ། དུས་ཡུན་རིང་པོར་རྒྱུན་འཁྱོངས་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེའོ།

3. གཉིད་ལེགས་པར་ཁུག་ནས་ཀླད་པ་སྐྱོང་བ། (དྲན་ཤེས་སྲ་བརྟན་དུ་གཏོང་བའི་དུས་ཚོད་དམ་འཛིན་བྱེད་པ།)

གཉིད་ཉལ་བ་ནི་ཀླད་པ་བདག་སྐྱོང་བྱེད་པའི་དུས་བཟང་ཆེས་གལ་ཆེན་ཞིག་ཡིན། ལྷིང་འཇགས་ངང་ངལ་གསོ་བ་དང་རྨི་ལམ་མེད་པའི་གཉིད་ཀྱི་སྐབས་སུ། ཀླད་པའི་མཚོ་རྟའི་གཟུགས་ཀྱིས་དམིགས་བསལ་གྱི་ཀླད་པའི་གློག་རླབས་བསྐྲུན་ཏེ། གློག་བརྙན་ཕྱིར་སྟོན་པ་དང་འདྲ་བར་ཉིན་མོའི་དུས་ཐུང་གི་དྲན་ཤེས་རྣམས་ཡུན་རིང་གི་དྲན་ཤེས་སུ་སྒྱུར་གྱི་ཡོད། 

ལག་བསྟར་བྱ་ཐབས། སྔ་ཙམ་ཉལ་བ་ལས་མཚན་འཁྱོངས་མི་བྱེད་པ་ནི་གང་ལས་ཀྱང་གལ་ཆེ། མཚན་འཁྱོངས་བྱས་ན་དྲན་ཤེས་བསྡུ་གསོག་གི་བྱ་རིམ་འཁྲུག་པ་མ་ཟད། ཕྱིས་སུ་"གཉིད་གསབ་"བྱས་ཀྱང་དྲན་ཤེས་ལ་ཕོག་པའི་གནོད་སྐྱོན་སོར་ཆུད་མི་ཐུབ།

4. དཔེ་ཀློག་གིས་ཀླད་པ་སྦྱོང་བ། (དབང་རྩའི་ཚི་སྣའི་དྲ་རྒྱ་བསྐྱར་སྒྲིག་བྱེད་པ།)

དཔེ་དེབ་ཟབ་ཀློག་བྱེད་པ་དེས་ཀླད་པའི་དམིགས་བསལ་ས་ཁོངས་ཀྱི་གྲུབ་ཚུལ་ལ་འགྱུར་ལྡོག་གཏོང་ཐུབ་པ་དང་། དབང་རྩའི་ཚི་སྣའི་ཆུན་པོ་དེ་བས་སྟུག་པོ་དང་ཆ་འཕྲིན་བརྒྱུད་གཏོང་དེ་བས་བདེ་བླག་ཡོང་བར་བྱས་ནས། ཤེས་རྟོགས་དང་ཀློག་འབྲིའི་ནུས་པ་མངོན་གསལ་གྱིས་ཆེ་རུ་གཏོང་གི་ཡོད། 

ལག་བསྟར་བྱ་ཐབས། ཀླད་པས་ཐོག་མཐའ་བར་གསུམ་དུ་"ཤུགས་ཅུང་ཙམ་བརྒྱབ་ནས་བསམ་བློ་གཏོང་བའི"རྣམ་པ་རྒྱུན་འཁྱོངས་བྱ་དགོས་ལ། ལེ་ལོའི་ངང་ཕྱི་རོལ་གྱི་ཆ་འཕྲིན་ཚུར་དང་ལེན་བྱེད་པ་ཁོ་ནར་བསྡད་ན་མི་འགྲིག གལ་ཏེ་དཔེ་དེབ་རིང་པོ་ཀློག་པར་དཀའ་ངལ་ཡོད་ཚེ། གླུ་གཞས་ཉན་སྐབས་གཞས་ཚིག་རྗེས་མ་དྲན་གསོ་བྱེད་པ་དང་། ལམ་འགྲམ་གྱི་བརྡ་ཁྱབ་ལ་བལྟས་ནས་ཚིག་སྒྲིག་པ། ཡང་ན་རྩོམ་ཡིག་གཅིག་བཀླགས་རྗེས་རང་ཉིད་ཀྱི་སྐད་ཆས་ཕྱོགས་སྡོམ་བྱེད་པ་སོགས་རྒྱུན་གྱི་གོམས་གཤིས་ཆུང་ངུ་ནས་མགོ་བརྩམས་ཏེ་སྦྱོང་བརྡར་བྱ་དགོས།

5. རོལ་དབྱངས་ཀྱིས་ཀླད་པ་སད་པར་བྱེད་པ། (དབང་པོ་མང་པོ་མཉམ་སྦྱོང་བྱེད་པ།)

རོལ་དབྱངས་ལ་ཉན་པའི་བརྒྱུད་རིམ་ནི་ཀླད་པ་ལ་མཚོན་ན་མྱོང་ཚོར་སྣ་མང་སློང་བའི་སྦྱོང་བརྡར་ཞིག་རེད། རོལ་དབྱངས་ཀྱི་ཤུགས་རྐྱེན་ཐེབས་པའི་ཀླད་པ་ནི། ཐོས་ཚོར་མ་ལག་གིས་སྒྲ་ལ་ཚོར་བ་རྣོ་བ་མ་ཟད། ཡན་ལག་འགུལ་སྐྱོད་ཚོད་འཛིན་བྱེད་པའི་ཀླད་ཁུལ་དང་ཐ་ན་ཀློག་འདོན་གྱི་ནུས་པར་ཡང་ཕན་ཐོགས་ཆེན་པོ་ཡོད།

ཟུར་བཀོད། "ཀླད་སྟོབས་སྐྱེད་པའི"ཉིན་རེའི་གསེར་མདོག་གི་འཁོར་རྒྱུག

གོང་གི་བྱེད་ཐབས་དེ་དག་གི་ཕན་འབྲས་ཆེས་ཆེ་བ་ཡོང་བའི་ཆེད་དུ། ཁྱེད་ཀྱིས་གོམས་གཤིས་དེ་དག་ཕྲེང་བ་ལྟར་སྦྲེལ་ཆོག

1 ཞོགས་པར། ལུས་རྩལ་དང་ཞོགས་ཀློག་ལ་བརྟེན་ནས་ཀླད་པའི་དབང་རྩ་སད་དུ་བཅུག་སྟེ། ཉིན་གང་གི་སློབ་སྦྱོང་དང་ལས་ཀའི་ལས་ཆོད་ཇེ་མཐོར་གཏོང་བ།

2 ལམ་བར་དུ། རོལ་དབྱངས་ལ་ཉན་ནས་དམ་པོར་གྱུར་བའི་དབང་རྩ་ལྷོད་ལ་འབེབས་པ།

3 ཉིན་གུང་། ཅུང་ཙམ་གཉིད་ནས་སྔ་དྲོར་ཐོབ་པའི་ཤེས་བྱ་སྲ་བརྟན་བྱས་ཏེ། ཀླད་པར་ངལ་གསོ་སྤྲད་ནས་"བར་སྟོང་"གསར་པ་འདོན་པ།

4 དགོང་ཟས། རླངས་བཙོས་ཉ་ཤ་ཟོས་ཏེ། Omega-3 ཚིལ་སྐྱུར་གྱིས་ཀླད་པར་བཅུད་བསོ་བ།

5 མཚན་མོ། གཉིད་ཡག་པོ་ཁུག་པར་བྱས་ཏེ། ཉིན་གྱི་དྲན་ཤེས་རྣམས་བརྟན་པོར་ངེས་པ་དང་ཀླད་པའི་དུག་རྫས་གཙང་སེལ་བྱས་ནས། ཀླད་པའི་འཁོར་རྒྱུག་གསར་པ་ཞིག་འགོ་རྩོམ་པའོ། །

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

中央广播电视总台 央广网 版权所有

རིག་པ་རྟུལ་དུ་སོང་འདུག་ན་ཐབས་ཤེས་ལྔ་འདི་སྤྱོད་དང་།

ཀླད་པ་ནི་མིའི་ལུས་པོ་ཡོངས་ལ་བཀོད་འདོམས་བྱེད་པའི་ལྟེ་གནས་ལྟ་བུ་ཡིན་པས། དེས་ཆ་འཕྲིན་ཐག་གཅོད་པ་དང་། ཤེས་རབ་དང་སེམས་ཁམས་ཚོད་འཛིན་བྱེད་པའི་འགན་འཁུར་ཡོད། མཚམས་རེར་རང་ཉིད་ཀྱི་"ཀླད་པ་འཁོར་གྱི་མི་འདུག"གམ་"རིག་པ་རྟུལ་དུ་སོང་འདུག"སྙམ་པའི་དུས་སུ་སེམས་ཁྲལ་མ་བྱེད། མི་དར་མར་གྱུར་རྗེས་ཀླད་པའི་ཆེ་ཆུང་ལ་དངོས་པོའི་གཟུགས་དབྱིབས་ཀྱི་འགྱུར་བ་ཆེན་པོ་མི་འགྲོ་ཡང་།