མི་གཟུགས་འཕྲུལ་མིའི་གར་སྟབས་འདི་འདྲ་ཁྱེད་ཀྱིས་མཐོང་མྱོང་ངམ།
ཉེ་ཆར། སྐབས་གཉིས་པའི་འཛམ་གླིང་མི་གཟུགས་འཕྲུལ་མིའི་ལུས་རྩལ་འགྲན་ཚོགས་ཀྱིས་པེ་ཅིང་རྒྱལ་ཁབ་མྱུར་ཤུད་ཁང་དུ་འགྲན་བསྡུར་རྣམ་གྲངས་ཁག་སྤེལ་ཡོད་པ་རེད། སྐབས་འདིའི་འགྲན་བསྡུར་ནང་འགྲན་བསྡུར་རྣམ་གྲངས་མི་ཉུང་བ་ཞིག་གསར་དུ་བསྣན་ཡོད་པ་དང་། དེའི་ནང་ཁྲོམ་བྲོ་དང་ལུས་རྩལ་ཞབས་བྲོར་དོ་ཁུར་ཆེན་པོ་ཐོབ་ཡོད། འགྲན་བསྡུར་ནང་ཞུགས་མཁན་མི་གཟུགས་འཕྲུལ་མིས་ལུས་རྩལ་ཚོད་འཛིན་གྱི་དཀའ་གནད་ལས་བརྒལ་ནས་རོལ་དབྱངས་ཀྱི་དབྱངས་འགྲོས་དང་འཚམ་པར་བྱས་ཏེ། དཀའ་ཚེགས་ཆེ་བའི་འགུལ་སྟངས་སྣ་ཚོགས་བདེ་བླག་ངང་ལེགས་སྒྲུབ་བྱས་ཡོད།
འཕྲུལ་མིའི་ཁྲོམ་བྲོ་འགྲན་བསྡུར་གྱིས་འཕྲུལ་མིའི་“ལྕགས་གཟུགས”ལ་ཚོད་བགམ་བྱས་པ།
ངོ་སྤྲོད་བྱས་པར་གཞིགས་ན། ཁྲོམ་བྲོའི་འགྲན་བསྡུར་རྣམ་གྲངས་ཀྱི་16ནས་ལེགས་གྲས་8བདམས་པའི་ཕྱིར་འབུད་འགྲན་བསྡུར་ཐོག འགྲན་བསྡུར་བྱེད་མཁན་ཕྱོགས་གཉིས་པོའི་བདམས་ཐོན་པས་1བསྡུར་1གི་འགྲན་བསྡུར་ལེགས་སྒྲུབ་བྱེད་དགོས་པ་དང་། འགྲན་བསྡུར་ནང་ཞུགས་མཁན་འཕྲུལ་མི་ཚོས་ཡོམ་ཚོར་ཞབས་བྲོ་དང་ཤི་ཧ་ཞབས་བྲོ་སོགས་མཉམ་འདྲེས་ཀྱི་ཞབས་བྲོའི་རིགས་མང་པོ་འཁྲབ་པ་མ་ཟད། ད་ལོ་འཕྲུལ་མི་དེ་དག་གིས་དབྱངས་འགྲོས་དང་བསྟུན་ནས་འགུལ་སྐྱོད་བྱས་པ་དང་། མཆོང་ལྡིང་དང་ས་ངོས་འགུལ་སྟངས་སོགས་བླང་བྱ་མཐོ་བའི་ཁྲོམ་བྲོ་འཁྲབ་སྟོན་བྱས་ཡོད།

སྐབས་གཉིས་པའི་འཛམ་གླིང་མི་གཟུགས་འཕྲུལ་མིའི་ལུས་རྩལ་འགྲན་ཚོགས་ཀྱི་ཁྲོམ་བྲོའི་འགྲན་བསྡུར་གྱི་ཤན་འབྱེད་པ་ལི་ཅུན་གྱིས། ང་ཚོས་མཐོང་ཆེན་བྱེད་པ་ནི་འཕྲུལ་མིས་དཀའ་ཚད་དེ་བས་ཆེ་བའི་ཞབས་བྲོ་འཁྲབ་རྒྱུ་དེ་ཡིན། མིའི་རིགས་ཀྱིས་ལག་པའི་མཁྲིག་མའི་ཚིགས་དང་གྲུ་ཚིགས་ཀྱིས་འདེགས་སྐྱོར་བྱེད་ས་དེར། འཕྲུལ་མིས་གྲུ་ཚིགས་དང་དཔུང་ཚིགས་ལ་བརྟེན་ནས་འགུལ་ཤུགས་མི་འདྲ་བར་བརྟེན་ནས་འཁྲབ་རྒྱུ་དེ་ཡིན། ངས་བལྟས་ན་འདི་ནི་བསམ་ཡུལ་ལས་འདས་པ་ཞིག་རེད་ཅེས་བརྗོད།

པེ་ཅིང་ཞབས་བྲོ་སློབ་གླིང་སློབ་དོན་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཀའོ་ཆན་གྱིས། འགུལ་རྣམ་མགྱོགས་པོའི་ཁྲོད་རང་ཉིད་ཀྱི་དོ་སྙོམས་རང་བཞིན་རྒྱུན་འཁྱོངས་བྱེད་པ་དང་། རྡུང་ཁ་ཐེབས་རྗེས་གཟུགས་པོ་རང་བཞིན་ངང་ལེགས་སྒྲིག་ཐུབ་པ་དེ་ནི་འཕྲུལ་མིའི་འགུལ་སྐྱོད་ནུས་པ་དང་བརྟན་པོའི་རང་བཞིན་གྱི་རྩིས་རྒྱག་ནུས་པ་ཆེ་རུ་ཕྱིན་པ་ཞིག་རེད། ངའི་བསམ་པར་འཕྲུལ་མིའི་ཞབས་བྲོ་དང་མི་དང་འཕྲུལ་མི་མཉམ་དུ་ཞབས་བྲོ་འཁྲབ་པའི་རྣམ་པ་དེ་རིགས་འབྱུང་འགྱུར་ང་ཚོའི་རིག་གནས་ཡུལ་སྐོར་འཁྲབ་སྟོན་དང་དེ་བཞིན་གར་སྟེགས་འཁྲབ་སྟོན་གྱི་ཁ་གསབ་ཅིག་ཏུ་འགྱུར་ངེས་རེད་ཅེས་བརྗོད་པ་རེད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
















