སྡེ་དགེ་གླིང་ཨ་ཁུ་ཁྲོ་ཐུང་སྦྲ་ནག་གིས་འཛམ་གླིང་ཟིན་ཐོ་བཏོད་འདུག
ཟླ8ཚེས25ཉིན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རྫོང་དུ་འཛམ་གླིང་གི་ཟིན་ཐོ་གསར་པ་ཞིག་ཐོན་ཡོད། འཛམ་གླིང་ཟིན་ཐོ་གཞུང་ཕྱོགས་ཁས་ལེན་ལས་ཁུངས་ཀྱིས་ཡུལ་དངོས་སུ་བཤེར་འབེབས་དང་ཞིབ་བཤེར་བྱས་པ་བརྒྱུད། ཤུག་པའི་ཆ་རུ་དང་ཀ་ར། ཕུར་བ་བཅས་3188སྤྱད་ནས་གྲུབ་པའི་ “སྡེ་དགེ་གླིང་ཨ་ཁུ་ཁྲོ་ཐུང་སྦྲ་ནག”དེ་ “འཛམ་གླིང་ཐོག་ཤུག་པའི་ཆ་རུ་བེད་སྤྱོད་གྲངས་འབོར་ཆེས་མང་བའི་སྦྲ་ནག ”ཏུ་བདམས་ནས། WRCAའཛམ་གླིང་ཟིན་ཐོ་བདེན་དཔང་ཚན་ཁག་གི་གཞུང་ཕྱོགས་ཀྱིས་སྤྲད་པའི་ཁས་ལེན་དཔང་ཡིག་ཐོབ་ཡོད།

སྦྲ་ནག་དེ་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ1600ལྷག་ཡོད་པ་དང་། ཆེས་མཐོ་ས་ལ་སྨི་6ཙམ་ཟིན་ཡོད་ཅིང་། བཟོ་སྟངས་དེ་ནི་བོད་ཀྱི་ཁམས་པའི་སྲོལ་རྒྱུན་གྱི་གནའ་བོའི་ལག་རྩལ་བརྟེན་ནས་ནོར་ནག་གི་རྩིད་པ་བཏགས་ཏེ་བཟོས་པ་ལས་དེང་རབས་ཀྱི་ལྕགས་རིགས་རྒྱུ་ཆ་གང་ཡང་བེད་སྤྱོད་བཏང་མེད་པས། སྲོལ་རྒྱུན་སྦྲ་ནག་གི་བཟོ་རྩལ་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་བཏང་ཡོད། དེའི་ཁྲོད་ཆ་རུ་2537དང་། ཀ་ར་143། ཕུར་པ་508བཅས་འདུས་ཡོད།
འབྲེལ་ཡོད་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། སྦྲ་ནག་དེ་མང་ཚོགས་ཆིག་སྟོང་ལྷག་ཙམ་གྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ཏེ། དུས་ཡུན་ལོ་2རིང་བློ་ཐབས་དང་དཀའ་བ་སྤྱད་ཅིང་ཁྱོན་མ་དངུལ་སྒོར་ཁྲི་300ལྷག་བཏང་ཡོད་པ་རེད། མ་བཅོས་རྒྱུ་ཆ་ཚང་མ་མཐོ་སྒང་རང་ནས་བླངས་པ་དང་། ས་གནས་དེ་གའི་འབྲོག་མོའི་སོར་རྩེའི་རྩལ་ལས་ཐོན་པའི་འཁེལ་འཐག་དང་། མཐོ་སྒང་གི་ཤུག་པ་ཤིང་ཕུར་རྐང་3188སྤྱད་དེ། "ནགས་རི་ལས་བླངས་ཀྱང་ནགས་རི་ལ་མི་གནོད་པའི"སྲོལ་རྒྱུན་གྱི་འབྱུང་ཁམས་འདུ་ཤེས་ལག་ལེན་བསྟར་ཡོད།

སྡེ་དགེ་རྫོང་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་རིགས་གཅིག་མཁས་ཅན་གྱིས། ཆ་ཚང་བའི་ཤིང་ཕུར་མ་ལག་དེ་ནི་བོད་མི་རིགས་ཀྱི་ས་མཐོའི་འཛུགས་སྐྲུན་གྱི་བློ་གྲོས་ཀྱི་གཞི་རྟེན་གལ་ཆེན་ཞིག་ཡིན་པ་དང་། ཁམས་པའི་སྦྲ་ནག་གི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་བྱ་ཆེད་རྩ་ཆེའི་དངོས་རྫས་ཀྱི་མ་དཔེ་བཞག་ཡོད་ཅེས་གསུངས་པ་རེད། ད་ཐེངས་ལེགས་གྲུབ་ལྡན་པའི་ངང་ཟིན་ཐོའི་དཔང་དངོས་བླངས་པ་དེ་ནི་སྡེ་དགེ་གླིང་གི་འབྲོག་པའི་འཛུགས་སྐྲུན་ལག་རྩལ་གྱི་དབང་གྲགས་ལ་ཁས་ལེན་བྱས་པ་ཞིག་ཡིན་པ་མ་ཟད། སྡེ་དགེ་གླིང་གེ་སར་རྒྱལ་པོའི་རིག་གནས་མིང་བྱང་གི་སྙན་གྲགས་ཀྱང་དེ་བས་ཆེ་རུ་ཕྱིན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། གོམ་སྟབས་རྗེས་མར་སྦྲ་ནག་དེ་རིག་གནས་ཀྱི་མཚོན་རྟགས་གལ་ཆེན་ཞིག་ཏུ་བརྩིས་ནས། མངོན་མིན་རིག་གནས་ཤུལ་བཞག་གི་འགྲེམས་སྟོན། རིག་གནས་ཞིབ་འཇུག་སློབ་སྦྱོང་དང་དེ་བཞིན་རིག་གནས་ཡུལ་སྐོར་ཉམས་ལེན་གྱི་ནུས་པ་བཅས་འདོན་སྤེལ་བྱས་ཏེ། འབྲོག་ཁུལ་གྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་བྱེད་པ་དང་། ས་མཐོའི་ཕུལ་བྱུང་གི་འབྲོག་པའི་སྲོལ་རྒྱུན་རིག་གནས་དེ་དུས་རབས་གསར་པར་སྲུང་སྐྱོང་དང་ཁྱབ་སྤེལ་གཏོང་རྒྱུར་རོགས་རམ་བྱ་རྒྱུ་ཡིན་པ་རེད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
















