ལྷ་སའི་ཀོ་གྲུ་བཟོ་རྩལ་ལ་སྲུང་སྐྱོབ་ལེགས་པོ་བྱས་ཡོད།
འཇུན་པ་ཉ་གྲོང་ནི་ཡར་ཀླུང་གཙང་པོའི་འགྲམ་ངོགས་སུ་ཆགས་ཤིང་། ཀོ་གྲུ་ནི་མཚོ་བོད་མཐོ་སྒང་ལ་དམིགས་བསལ་དུ་ཡོད་པའི་གནའ་བོའི་ཆུ་ཐོག་འགྲིམ་འགྲུལ་ཡོ་བྱད་ཅིག་ཡིན་ཞིང་། ད་ལྟའི་བར་དུ་ལོ་ངོ་ཆིག་སྟོང་ལྷག་གི་ལོ་རྒྱུས་ལྡན་ཡོད། ཀོ་གྲུའི་རིག་གནས་ལས་བྱུང་བའི་ཀོ་གྲུའི་ཞབས་བྲོ་དེ་2008ལོར་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་ཐོའི་ནང་ཚུད་ཡོད།
རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ལྷག་པ་ཚེ་རིང་ནི་ད་ལོ་ལོ་56ཡིན་ཞིང་། ཆུང་དུས་ནས་རྒན་རབས་ཚོ་དང་འགྲོགས་ནས་ཀོ་གྲུ་བཟོ་རྩལ་སྦྱངས། ཁོང་གིས་གསར་འགོད་པར། ཀོ་གྲུ་ཆ་ཚང་ཞིག་བཟོ་སྐབས་ཆུར་སྦངས་པ་དང་མཉེད་པ་སོགས་ཀྱི་བཟོ་རིམ་བཅུ་ལྷག་བརྒྱུད་དགོས་ཞེས་བརྗོད།

འགྲིམ་འགྲུལ་ཆ་རྐྱེན་ཇེ་ལེགས་སུ་ཕྱིན་པ་དང་བསྟུན་ནས། ཀོ་གྲུ་རིམ་བཞིན་རྒྱུན་ལྡན་འཚོ་བའི་ཁྲོད་བེད་སྤྱོད་བྱེད་ཚད་ཉུང་དུ་ཕྱིན་པས། བཟོ་རྩལ་དེ་རེ་ཞིག་ཉམས་དམས་སུ་སོང་ཡོད། ལྷག་པ་ཚེ་རིང་གིས། ང་དང་ཡུལ་མི་ཚོས་སྔོན་ཆད་ལེགས་པར་བཟོས་པའི་ཀོ་གྲུ་མཛོད་ཁང་དུ་ཉར་ཚགས་བྱས་ཡོད་ཅེས་བརྗོད།
2008ལོར་ཀོ་གྲུའི་ཞབས་བྲོ་དེ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་གྲས་སུ་བཅུག་པས། ལྷག་པ་ཚེ་རིང་ཡང་ཁག་དྲུག་པའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པར་གྱུར། འོན་ཏེ་འགྲེམས་སྟོན་སྟེགས་བུ་དང་སྲིད་ཇུས་ཀྱི་རོགས་སྐྱོར། རྒྱུན་འཛིན་གྱི་སྒོ་ཐེམ་བཅས་ཀྱི་ཚད་བཀག་ཐེབས་པས། ལག་རྩལ་ཁྱབ་སྤེལ་གཏོང་རྒྱུའི་ཐད་སྔར་བཞིན་དཀའ་ངལ་འཕྲད་ཡོད།

2025ལོའི་ཟླ་3པར། གསར་དུ་བཟོ་བཅོས་བརྒྱབ་པའི་རིག་དངོས་སྲུང་སྐྱོབ་བཅའ་ཁྲིམས་ནང་ཞིབ་དཔྱོད་སྤྱི་ཕན་གཏུག་བཤེར་དོན་ཚན་བསྣན་ནས། ཞིབ་དཔྱོད་ལས་ཁུངས་ཀྱིས་འགན་འཁྲི་བསྒྲུབ་རྒྱུར་ཐད་ཀའི་ཁྲིམས་ལུགས་ཀྱི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། ཆུ་ཤུལ་རྫོང་ཞིབ་དཔྱོད་ཁང་གིས་འགན་འཁྲི་སྒྲུབ་སྐབས། འཇུན་པ་ཉ་གྲོང་གི་མངོན་མིན་རིག་གནས་ཤུལ་བཞག་ཐོན་ཁུངས་སྔོན་འདོན་དང་བེད་སྤྱོད་བྱེད་པའི་ཐད་མི་འདང་ས་ཡོད་པ་ཤེས་རྟོགས་བྱུང་རྗེས། དེ་མུར་རྫོང་རིག་གནས་ཡུལ་སྐོར་ཅུས་ལ་ཞིབ་དཔྱོད་གྲོས་འགོ་བཏོན་པ་སྟེ། ཤེས་ལྡན་མི་སྣ་གསོ་སྐྱོང་དང་འཐབ་ས་འཛུགས་སྐྲུན། སླར་གསོ་རྒྱུན་འཛིན་སོགས་ཀྱི་ལས་དོན་ཐད་ཤུགས་སྣོན་རྒྱག་དགོས་པའི་གྲོས་འགོ་བཏོན་ཡོད།

ཞིབ་དཔྱོད་ལས་ཁུངས་ཀྱི་རྗེས་འདེད་ལྟ་སྐུལ་འོག ས་གནས་དེ་གའི་རིག་གནས་ཡུལ་སྐོར་སྡེ་ཁག་གིས་ནོར་སྲིད་མ་དངུལ་སྒོར་ཁྲི་100ལྷག་བསྡུ་སྒྲིལ་བྱས་ནས། སྨི་ངོས་གྲུ་300ལྷག་ཡོད་པའི་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་ཁང་འཛུགས་སྐྲུན་བྱས། དེ་དང་ཆབས་ཅིག ཀོ་བ་གཙང་བཀྲུ་དང་མཉེད་པའི་བརྒྱུད་རིམ་ཁྲོད་ཆུ་ལམ་ལ་སྦགས་བཙོག་བཟོ་སྲིད་པའི་གནད་དོན་ལ་དམིགས་ནས། ཞིབ་དཔྱོད་ལས་ཁུངས་དང་སྲིད་འཛིན་སྡེ་ཁག་གིས་གྲོས་བསྡུར་བྱས་ཏེ། ཆུ་ལམ་གྱི་གད་སྙིགས་ཏུན་1གཙང་སེལ་བྱས་པ་མ་ཟད། ཡུལ་མི་སྒྲིག་འཛུགས་བྱས་ནས་ཚད་ལྡན་དམ་བཅའི་ཡི་གེར་མིང་རྟགས་བཀོད་དུ་བཅུག་ཡོད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
















