རྫོང་གྲོང་དུ་ཡུལ་སྐོར་ལ་སྐྱོད་པའི་ཚ་རླབས་འཕྱུར་བ།
དབྱར་ཁའི་གུང་གསེང་འདིར། རྫོང་གྲོང་དུ་ཡུལ་སྐོར་ལ་སྐྱོད་པའི་རྣམ་པ་རྒྱུན་མཐུད་ངང་འཁྲུག་ཏུ་འགྲོ་བཞིན་ཡོད་དེ། གྲོང་ཁྱེར་ཆུང་གྲས་དང་རྫོང་གྲོང་དུ་ཡུལ་སྐོར་ལ་སྐྱོད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། ས་གནས་ཁག་གི་རྫོང་ཁོངས་ཀྱིས་རང་ངོས་ཀྱི་ཁྱད་ལྡན་བཟང་ཆ་དང་ཐོན་ཁུངས་ལ་གཞི་ཚུགས་ནས་ཧེ་བག་ཅན་གྱི་རིག་གནས་ཡུལ་སྐོར་ཉམས་ལེན་བྱེད་ས་བཏོད་ཡོད་པས། དབྱར་ཁའི་གུང་གསེང་རིང་གི་རིག་གནས་ཡུལ་སྐོར་འཛད་སྤྱོད་ལ་སྐུལ་ཁྲིད་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད།
ཡུན་ནན་དུ་རྦབ་ཆུར་གཟིགས་ཤིང་རོ་མཆོག་ཉམས་སུ་མྱོང་བ་སྟེ། དབྱར་དུས་ཀྱི་ཉམས་ལེན་གསར་པ་འཚོལ་ཞིབ་ཐུབ་པ།
དབྱར་གཞུང་གི་དུས་སུ། ཡུན་ནན་ལུའོ་ཕིང་གི་ཅིའུ་ལུང་རྦབ་ཆུར་གཟིགས་སྐོར་གྱི་དུས་ཚིགས་ཡག་ཤོས་སུ་སླེབས་ཡོད། རི་སུལ་ནས་དྲག་ཏུ་འབབ་པའི་ཅིའུ་ལུང་ཆུ་བོ་གཡུ་འབྲུག་འཁྱུག་པ་ལྟར་རྔམ་ཞིང་བརྗིད་ཆེ་བ་དང་། རིང་ཚད་སྤྱི་ལེ་4ཡི་ནང་བསྟུད་མར་རིམ་པ་བཅུ་རྦབ་ཀྱི་ཡོད་པས། བར་སྣང་ནས་ཐུར་ལྟ་བྱས་ཚེ་དྲག་ཏུ་འཕྱུར་བའི་རྦབ་ཆུ་རྔམ་བརྗིད་ཧ་ཅང་ཆེ་བ་དང་། དོས་ཟམ་ཐོག་ལངས་ནས་ཉེ་ས་ནས་བལྟས་ན་ངོ་མཚར་སྟོང་གིས་ཕྱུག་པའི་མཛེས་ལྗོངས་དེ་ཉམས་སུ་མྱོང་ཆོག་ལ། གྲུ་ཆུང་ལ་བསྡད་ནས་རྦབ་འོག་ཏུ་བསྐྱོད་ཀྱང་ཐུན་མོང་མ་ཡིན་པའི་མྱོང་ཚོར་ཞིག་ཡོང་ཐུབ། དེ་ལྟར། ཆུ་སྒྲ་ལྡིར་ལྡིར་གྱི་ཁྲོད་ནས་དབྱར་ཁའི་ཚ་གདུག་སེལ་བར་བྱས་ཆོག

རྦབ་ཆུར་གཟིགས་པ་ཕུད། ད་དུང་ནགས་ཚལ་དུ་ཤ་མོའི་རིགས་སྣ་ཚོགས་འཐུ་བར་བསྐྱོད་ཆོག ཡུན་ནན་གྱི་དབྱི་མོན་རྫོང་ལ་ཤ་མོའི་ཕ་ས་ཞེས་པའི་མཚན་སྙན་ཡོད་པ་དང་། ས་གནས་དེ་གར་ནགས་རི་འགན་གཙང་བླངས་ནས་ཤ་མོ་འདེབས་གསོའི་རྟེན་གཞི་མི་ཉུང་བ་ཞིག་ཡོད། ཞིང་དུད་ཚོས་ནགས་རི་འགན་གཙང་བླངས་ནས་ནགས་བརྟེན་དཔལ་འབྱོར་འཕེལ་རྒྱས་བཏང་བས། ཡུལ་སྐོར་བས་འབྲས་བུ་པང་དུ་ལེན་པའི་སྤྲོ་སྣང་མྱོང་རོལ་བྱེད་ཐུབ། དེས་ད་དུང་གང་བྱུང་དུ་རི་བོར་འཛེགས་ནས་ལུགས་མེད་ངང་ཤ་མོ་འཐུ་བའི་སྣང་ཚུལ་སྔོན་འགོག་ཐུབ་པ་མ་ཟད། སྣེ་ཤན་པའི་ཁྲིད་སྟོན་ཡོད་པས་དེ་བས་ཀྱང་བདེ་འཇགས་ཡིན་པ་འགན་ལེན་བྱེད་ཐུབ། ཤ་མོ་བཏུས་རྗེས། ས་གནས་ས་ཐོག་ཏུ་ཐད་ཀར་ཤ་མོ་སོས་པའི་བྲོ་བ་མྱོང་ཆོག་པས། དེའང་ངོ་མཚར་ཆེ་བའི་ཉམས་ལེན་ཞིག་རེད།
ཀྲེ་ཅང་དུ་སྲིན་འབུ་མེ་ཁྱེར་ལ་གཟིགས་ཤིང་ས་ཡི་ལྟེ་བ་འཚོལ་ཞིབ་བྱེད་ཆོག་ཅིང་། “ཚ་གཡོལ་+”ཡི་རྩེད་སྟངས་གསར་པ་དར་བ།
མིག་སྔར། ཀྲེ་ཅང་ཏེ་ཆིང་གི་མོ་ཀན་རི་བོའི་སྲིན་འབུ་མེ་ཁྱེར་ལ་ལྟ་བའི་དུས་ཚིགས་ལ་འཁེལ་བས། མུན་ཁ་རུབ་པ་དང་བསྟུན་ནས། ཁྱུ་དང་ཁྱུ་བཞིན་འཕུར་ལྡིང་བྱེད་པའི་སྲིན་འབུ་མེ་ཁྱེར་དག་མུན་ནག་ཀློང་གི་འོད་ཀྱི་གར་མ་ཞིག་དང་འདྲ་བར་ནགས་ཚལ་དང་ཆུ་ངོས་སོགས་སུ་ངེས་མེད་ངང་ཅི་དགར་རྩེན་བཞིན་ཡོད་པས། ཐུན་མོང་མ་ཡིན་པའི་དབྱར་ཁའི་མཚན་མོའི་འབྱུང་ཁམས་མཛེས་ལྗོངས་དེས་གྲོང་མི་དང་ཡུལ་སྐོར་བ་མང་པོ་ཞིག་གི་ཡིད་དབང་བཀུག་ཡོད།
ཡུལ་སྐོར་བ་སྐུ་ཞབས་ཝུའུ་ལགས་ཀྱིས། གཏམ་དཔེར་བརྩོན་པ་ཅན་གྱིས་སྲིན་འབུ་མེ་ཁྱེར་གྱི་འོད་ལ་བརྟེན་ནས་མཚན་ཀློག་བྱེད་ཅེས་ཟེར། ད་ལྟའི་བྱིས་པ་ཚོས་དེའི་དོན་ཅི་ཞིག་ཡིན་པ་གསལ་པོར་ཤེས་མི་ཐུབ་པས། ཡུལ་དངོས་སུ་ཡོང་ནས་ལྟ་ཞིབ་བྱས་ན་ད་གཟོད་ཤེས་ཐུབ། ཁོར་ཡུག་ལེགས་སུ་ཕྱིན་ན། ང་ཚོས་ད་གཟོད་རང་བྱུང་ཡུལ་ལྗོངས་མང་པོར་མྱོང་རོལ་བྱེད་ཐུབ་ཅེས་གསུངས།
ཀྲེ་ཅང་ལི་ཧྲུའེ་རུ། ས་གནས་དེ་གར་“ཚ་གཡོལ་+”ཡི་རྩེད་སྟངས་གསར་པ་དར་བཞིན་ཡོད། ལི་ཧྲུའེ་གྲོང་ཁྱེར་སུའེ་ཁྲང་རྫོང་དུ། ས་གནས་དེ་གས་བེད་མེད་གཏེར་ཁུང་གི་ཐོན་ཁུངས་སྤྱད་ནས་ས་འོག་སྨི་218དང་དྲོད་རྟག་18℃ཡིན་པའི་“ས་ལྟེའི་འཇིག་རྟེན་”གྱི་ཁྱད་ལྡན་མཛེས་ལྗོངས་ཁུལ་བཏོད་ཡོད། སྔར་ཡོད་ཀྱི་གཏེར་ཁའི་དོང་ལམ་ཐོག་ས་ལྟེ་མྱུལ་དཔྱད་དང་། དུས་དང་བར་སྟོང་བརྒལ་བ་སོགས་ཀྱི་གཞི་རྒྱུ་བསྣན་ནས། ཡུལ་སྐོར་རོལ་རྩེད་དང་ཞིབ་སློབ་གཞི་གཅིག་ཏུ་འདུས་པའི་རྣམ་པ་གསར་པ་ཞིག་བཏོད་ཡོད།

ཡུན་ཧོ་རྫོང་ཧོང་ཅ་ཧྲེ་གྲོང་ཚོར། གྲོང་ཚོ་དེས་རང་བྱུང་ཐོན་ཁུངས་ལ་བརྟེན་ནས་གྲོང་གསེབ་ཀྱི་ཚ་གཡོལ་ཡུལ་སྐོར་རྣམ་གྲངས་སྣ་མང་བཏོད་ཡོད་དེ། ཆུ་ནང་དུ་འཛུལ་ནས་ཉ་འཛིན་པ་དང་རྐང་ཐང་མར་རི་ལ་འཛེགས་པ་སོགས་ཀྱི་རྣམ་གྲངས་ཀྱིས་གཞོན་ནུ་དང་དེ་བཞིན་ཕ་མ་བུ་ཕྲུག་མཉམ་དུ་ཡུལ་སྐོར་བྱེད་མཁན་ཁྱིམ་ཚང་མི་ཉུང་བ་ཞིག་གི་ཡིད་དབང་བཀུག་ཡོད།
གྲོགས་པོ་ཆུང་ཆུང་མའོ་ཝུའེ་ཁྲེང་གིས། ང་དང་གྲོགས་པོ་ཚོས་ཉ་འཛིན་པའི་འགྲན་བསྡུར་བྱེད་སྐབས། ཛ་དྲག་ཆེ་ལ་སྤྲོ་སྣང་ཡང་ཆེན་པོ་འདུག ང་རང་ས་ཆ་འདི་ལ་ཧ་ཅང་དགའ་པོ་འདུག གྲང་བསིལ་བསིལ་ཡོད་པས། ངས་རང་བྱུང་ཁམས་ཆེན་མོ་ནི་འདི་འདྲའི་ཉམས་དགའ་བ་དང་མཛེས་སྡུག་ལྡན་པ་ཞིག་ཡིན་པ་ཚོར་བྱུང་ཞེས་བརྗོད་ཡོད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
















