དབྱར་གསེང་གི་གློག་བརྙན་སྤ་སེའི་ཡོང་འབབ་སྒོར་དུང་ཕྱུར་71ལས་བརྒལ་འདུག
དྲ་རྒྱའི་ལས་སྟེགས་ཀྱི་གྲངས་གཞི་ལས་མངོན་པར་གཞིགས་ན། ཚེས་2ཉིན་གྱི་ཆུ་ཚོད་0བར། 2026ལོའི་དབྱར་གསེང་གློག་བརྙན་སྤ་སེའི་ཡོང་འབབ་སྒོར་དུང་ཕྱུར་71ལས་བརྒལ་བ་དང་། ལོ་འཁོར་གྱི་སྤ་སེའི་ཡོང་འབབ་སྒོར་དུང་ཕྱུར་228ལས་བརྒལ་ཡོད་པ་རེད། འདི་ལོའི་དབྱར་གསེང་རིང་རྒྱལ་ཁབ་ཕྱི་ནང་གི་གློག་བརྙན་120ལྷག་ཙམ་གཅིག་རྗེས་གཉིས་མཐུད་ཀྱིས་སྟོན་འགོ་ཚུགས་པའི་ནང་ལོ་རྒྱུས་དང་། སྤྲོ་གར། སྟངས་སྟབས། འགུལ་རིས། ཚན་རིག་འཆར་ཡན་སོགས་རིགས་མང་པོའི་གློག་བརྙན་ཚུད་ཡོད།

འདི་ལོའི་དབྱར་གསེང་རིང་གློག་བརྙན་ཁྲོམ་ར་རྒྱུན་མཐུད་འཁྲུག་ཏུ་ཕྱིན་པ་དང་ཆབས་ཅིག རྒྱལ་ཁབ་གློག་བརྙན་ཅུས་དང་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་ཀྱང་མཉམ་འབྲེལ་ཐོག་《གློག་བརྙན་ཁང་གི་སྣེ་མང་གཉེར་སྐྱོང་ལ་སྐུལ་འདེད་བཏང་ནས་གློག་བརྙན་ཁང་གི་རིག་གནས་དར་རྒྱས་གོང་འཕེལ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས་ཡོད།

དེས་གློག་བརྙན་ཁང་གི་གློག་བརྙན་རྐྱང་པའི་ལས་སྒོར་འགྱུར་ལྡོག་བཏང་ནས། གློག་བརྙན་དང་། སྤྱི་ཚོགས་འབྲེལ་བ། རིག་གནས་རོལ་རྩེད། འཛད་སྤྱོད་བཅས་གཞི་གཅིག་ཅན་གྱི་ཕྱོགས་བསྡུས་རིག་གནས་བར་ཁམས་གཏོད་རྒྱུར་སྐུལ་མ་བཏང་ཡོད། དེའི་གོང་གློག་བརྙན་ཁང་ཁག་ཅིག་གིས་དེའི་ཐད་འཚོལ་ཞིབ་བྱས་ཡོད། ཁོ་ཚོས་རང་ངོས་ཀྱི་ལེགས་ཆར་གཞི་ཚུགས་ནས་ཧེ་བག་ཅན་གྱི་གློག་བརྙན་ཁང་གི་སྤུས་རྟགས་བཏོད་ཡོད།

《གློག་བརྙན་ཁང་གི་སྣེ་མང་གཉེར་སྐྱོང་ལ་སྐུལ་འདེད་བཏང་ནས་གློག་བརྙན་ཁང་གི་རིག་གནས་དར་རྒྱས་གོང་འཕེལ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོའི》ནང་། གློག་བརྙན་ཁང་གཅིག་ལ་སྲིད་ཇུས་གཅིག་དང་། ཞིབ་ཚགས་ཅན་གྱི་གཉེར་སྐྱོང་། གློག་བརྙན་ཁང་གི་རིག་གནས་ཐོན་ཁུངས་སྔོག་འདོན་སོགས་དམིགས་སུ་བཀར་ནས་བཏོན་ཡོད་ཅིང་། དེའི་དམིགས་ཡུལ་གཙོ་བོ་ནི་གློག་བརྙན་ཁང་གིས་སྤ་སེའི་རིན་གོང་བཅོག་པ་དང་། གློག་བརྙན་སྟོན་མང་དུ་གཏོང་བའི་འགྲན་རྩོད་བྱེད་སྟངས་ལ་འགྱུར་ལྡོག་གཏོང་བ་དང་། དམིགས་བསལ་གྱི་རིག་གནས་མཚོན་རྟགས་ཆགས་པ་བྱས་ནས། གློག་བརྙན་ཁང་ལ་རང་བདག་གི་སྤུས་རྟགས་རིན་ཐང་ལྡན་པ་དང་། རང་ངོས་ཀྱི་ལྗོངས་རྣམ་དང་། རིག་གནས། ཞབས་ཞུ་བཅས་ལ་བརྟེན་ནས་འཛད་སྤྱོད་པའི་ཡིད་དབང་འགུག་ཐུབ་པ་བྱ་རྒྱུ་དེ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
















