བོད་ལྗོངས་ཀྱི་ལུས་རྩལ་དུས་སྟོན་ཆེན་མོ་འགོ་ཚུགས་ལ་ཉེ།
གསར་འགོད་པར་ཟླ་བ་7ཚེས་31ཉིན་འཚོགས་པའི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་། རང་སྐྱོང་ལྗོངས་ལུས་རྩལ་ཅུས་དང་། མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་། གཞིས་རྩེ་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་གཉེར་འགན་འཁུར་བའི་བོད་རང་སྐྱོང་ལྗོངས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་14པ་དང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་6པ་དེ་ཟླ་བ་8ཚེས་15ནས་ཚེས་22ཉིན་བར་བོད་ལྗོངས་གཞིས་རྩེར་འཚོག་རྒྱུ་ཡིན་ཞིང་། མིག་སྔར་གྲ་སྒྲིག་གི་ལས་དོན་ཁག་སྤྱིའི་ཆ་ནས་ལེགས་གྲུབ་ཟིན་ཏེ། ལྗོངས་ཡོངས་ཀྱི་མང་ཚོགས་ལ་སྟབས་བདེ་ཞིང་བདེ་འཇགས་ལྡན་པ། ངོ་མཚར་ཆེ་བ་བཅས་ཀྱི་ལུས་རྩལ་དུས་སྟོན་ཞིག་འབུལ་རྒྱུ་རེད།

སྐབས་འདིའི་འགྲན་ཚོགས་ཀྱིས་རྩལ་འགྲན་ལུས་རྩལ་དང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་མཉམ་འདྲེས་གཏིང་ཟབ་བྱ་རྒྱུ་ཡིན་ཞིང་། དེའི་ནང་ལྗོངས་ལུས་རྩལ་འགྲན་ཚོགས་སུ་མཆོང་རྒྱུག་འཕེན་གསུམ་དང་། ལན་ཆིའུ་སྤོ་ལོ། རྩལ་འགྲན་རྟ་རྩལ་སོགས་རྣམ་གྲངས་ཆེ་གྲས་13དང་རྣམ་གྲངས་ཆུང་གྲས་152བཀོད་སྒྲིག་བྱས་ཡོད་པས། སྐབས་གོང་མ་དང་བསྡུར་ན་རྣམ་གྲངས་ཆུང་གྲས་53གསར་དུ་བསྣན་པ་དང་། ཁྱོན་འཐུས་མི་ཚོགས་པ་9ཡི་འགྲན་ཞུགས་མི་སྣ་2000ཙམ་འགྲན་བསྡུར་ནང་ཞུགས་ཡོད། མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་6པར་མི་རིགས་ཀྱི་རྟ་རྩལ་དང་། གཉའ་འཐེན། རྡོ་འགྱོགས་སོགས་འགྲན་བསྡུར་རྣམ་གྲངས་ཆེ་གྲས་13བཀོད་སྒྲིག་བྱས་ཡོད་པ་དང་། ཤིང་ལྷམ་བང་རྒྱུག མི་རིགས་ཀྱི་སྦེ་ག་སོགས་ནི་གསར་དུ་བསྣན་པའི་རྣམ་གྲངས་ཡིན་ལ། ས་ཁུལ་དང་གྲོང་ཁྱེར་7གྱི་འཐུས་མི་ཚོགས་པའི་མི་རིགས་སྲོལ་རྒྱུན་རྣམ་གྲངས་ཀྱི་ལུས་རྩལ་པ་ཁྱོན་547འགྲན་བསྡུར་ནང་ཞུགས་ཡོད།
འགྲན་ཚོགས་གྲབས་གཉེར་བྱེད་པའི་བརྒྱུད་རིམ་ཧྲིལ་པོའི་ནང་སྒྲིག་མཐུན་དང་། དྭངས་གཙང་། དྲང་གཞག་བཅས་ཀྱི་རྩ་དོན་ཆེན་པོ་གསུམ་བརྟན་སྲུང་བྱས་ཏེ། འགྲན་ཞུགས་ཐོབ་ཐང་ལ་ཞིབ་བཤེར་ནན་པོ་བྱེད་པ་དང་། ངར་སྐྱེད་སྨན་རིགས་ལ་ངོ་རྒོལ་བྱེད་པར་“བཟོད་སྒོམ་གཏན་ནས་མི་བྱེད་པའི”འབྲེལ་ཐག་ཧྲིལ་པོའི་དོ་དམ་དོན་འཁྱོལ་ནན་པོ་བྱེད་པ། འགྲན་ཚོགས་ཀྱི་སྤྱོད་ཚུལ་དང་སྒྲིག་ལམ་ཐད་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་བྱེད་པའི་མ་ལག་འཛུགས་པ་བཅས་བྱས་ཡོད། སྐབས་འདིའི་འགྲན་ཚོགས་ནི་གཞིས་རྩེའི་ད་ཡོད་ཀྱི་འགྲན་རའི་ཐོན་ཁུངས་སྤུས་ལེགས་དང་རིམ་སྤོར་བྱས་པ་ལ་བརྟེན་ནས། འགྲན་རའི་སྒྲིག་བཀོད་དང་འགྲན་བསྡུར་གྱི་ཡོ་བྱད། བདེ་སྲུང་། སྨན་བཅོས། འགྲིམ་འགྲུལ་སོགས་ལེ་ལག་ཚང་བའི་འགན་ལེན་ལས་དོན་ཚང་མ་དོན་ཐོག་ཏུ་འཁྱོལ་ཡོད་ལ། གྲ་སྒྲིག་ལས་དོན་ཁག་མཐའ་མའི་གདོང་མཆོང་གི་དུས་མཚམས་སུ་སླེབས་ཡོད་པས། འགྲན་ཚོགས་དེ་ཉིད་བདེ་འཇགས་ལྡན་ཞིང་གོ་རིམ་ལྡན་པ་དང་ངོ་མཚར་ཆེ་ཞིང་ལེགས་འགྲུབ་ཡོང་བར་བརྩོན་ལེན་བྱེད་བཞིན་ཡོད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
















