དབྱར་གསེང་རིང་གི་ཡུལ་སྐོར་ཁྲོམ་རའི་འཛད་སྤྱོད་བྲིན་ཁ་རྒྱུག
དབྱར་ཁའི་གུང་གསེང་སྐབས། རྒྱལ་ཡོངས་ས་གནས་ཁག་ཏུ་ཡུལ་སྐོར་གྱི་ཚ་རླབས་འཕྱུར་ཡོད། ཨན་ཧུའེ་ཞིང་ཆེན་ཁྲུའུ་ཀྲོའུ་གྲོང་ཁྱེར་ཧྥེང་དབྱང་རྫོང་དུ་དབྱར་ཁའི་གུང་གསེང་འདིའི་རིང་། ས་གནས་དེས་ཁྱད་ལྡན་རིག་གནས་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ཏེ། མཚན་མོའི་འཛད་སྤྱོད་ཀྱི་རྣམ་པ་གསར་པ་རྒྱུན་མཐུད་ངང་གཏོད་དེ་ཁྱད་ལྡན་འཁྲབ་སྟོན་དང་བརྗོད་དོན་གཙོ་བོའི་ཁྲོམ་རའི་འདུ་འཛོམས་སོགས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་བརྒྱུད་དབྱར་ཁའི་གུང་གསེང་རིང་གི་ཡུལ་སྐོར་ཁྲོམ་རར་གསོན་ཤུགས་གསར་པ་བསྣན་ཡོད།

ས་སྲོས་ཀྱི་སྐབས་སུ། ཁྲུའུ་ཀྲོའུ་གྲོང་ཁྱེར་ཧྥེང་དབྱང་རྫོང་ཧུང་ཝུའུ་སྤྱི་གླིང་གི་གློག་འོད་ཆེམ་ཆེམ་དུ་འཕྲོ་བཞིན་མཆིས། ལྕགས་རྡུང་མེ་ལྕེ་ཐོར་བ་དང་ཁྱུང་ཆེན་དབྱིངས་སུ་འཕུར་བ་སོགས་ཁྱད་ལྡན་ལེ་ཚན་རེས་མོས་སུ་འཁྲབ་པས་ཡུལ་སྐོར་བ་མང་པོ་ཞིག་གི་ཡིད་དབང་བཀུག་ཡོད། འཁྲབ་སྟོན་ལ་རོལ་མྱོང་བྱེད་པ་ཕུད། ཡུལ་སྐོར་བས་ད་དུང་ཁྱད་ལྡན་ཁྲོམ་རར་ཞིམ་ཟས་དང་སྲོལ་རྒྱུན་རིག་གནས་ཉམས་ལེན་བྱེད་ཆོག་གི་ཡོད་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། མཛེས་ལྗོངས་ཁུལ་དུ་མཚན་མོའི་ཡུལ་སྐོར་བྱེད་སྒོ་སྤེལ་རྗེས། ཉིན་རེར་ཆ་སྙོམས་ཐོག་འགྲུལ་པ་མི་ཐེངས་ཁྲི་2ཙམ་ཟིན་པ་དེ་ནམ་རྒྱུན་ལས་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། དབྱར་གསེང་རིང་། ས་གནས་དེས་གནའ་སྲོལ་འཁྲབ་སྟོན་དང་། ཁྱད་ལྡན་ཁྲོམ་འདུས། མཚན་མོའི་སྤྲོ་གསེང་ཡུལ་སྐོར་སོགས་ལས་རིགས་མཉམ་འདྲེས་གང་ལེགས་བྱས་ནས་ཁྱད་ལྡན་ཉམས་ལེན་རྣམ་གྲངས་30ལྷག་ཙམ་བཏོད་དེ་རིག་གནས་ཐོན་ཁུངས་དང་ཡུལ་སྐོར་འཛད་སྤྱོད་ཟུང་འབྲེལ་གཏིང་ཟབ་བྱས་ཡོད་པ་རེད།
ཉིང་ཞ་ཀྲུང་ཝེ་གྲོང་ཁྱེར་དུ་འདི་ལོའི་དབྱར་གསེང་རིང་། ས་གནས་དེས་སྐར་མ་ལ་ལྟ་བ་དང་འཁྲབ་སྟོན་བྱེད་པ་སོགས་འཛད་སྤྱོད་རྣམ་པར་དམིགས་ཏེ། མཚན་མོའི་ཡུལ་སྐོར་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་ཡུལ་སྐོར་བས་ཐུན་མིན་གྱི་བྱེ་ཐང་རིག་གནས་ཡུལ་སྐོར་ཉམས་ལེན་བྱེད་ས་ཞིག་མཁོ་འདོན་བྱས་ཡོད།

སྐར་མར་ལྟ་བ་ཕུད། མཛེས་ལྗོངས་ཁུལ་གྱིས་ད་དུང་གཟའ་མཇུག་ཏུ་བྱེ་ཐང་རོལ་དབྱངས་འདུ་ཚོགས་དང་མི་མེད་གནམ་གྲུའི་གློག་འོད་འགྲེམས་སྟོན་སོགས་ངོ་མཚར་ཆེ་བའི་བྱེད་སྒོ་མང་པོ་སྤེལ་ནས། ཕྱོགས་གང་ཅིའི་ཐད་ནས་ཡུལ་སྐོར་བའི་ཉམས་ལེན་ཕུན་སུམ་ཚོགས་སུ་བཏང་ཡོད།
ནང་སོག་པའོ་ཐོའུ་གྲོང་ཁྱེར་ཏ་མའོ་རྫོང་དུ་དབྱར་གསེང་རིང་། ན་ཏ་མུའུ་ཡི་བྱེད་སྒོ་རབ་དང་རིམ་པ་སྤེལ་བཞིན་ཡོད། ཡུལ་སྐོར་བ་རྩྭ་ཐང་དུ་འཛོམས་ནས་ས་གནས་དེ་གའི་ཡུལ་སྐོར་འཛད་སྤྱོད་རྒྱུན་མཐུད་ངང་འཕར་རྒྱུར་སྐུལ་ཁྲིད་བྱས་ཡོད།

པའོ་ཐོའུ་གྲོང་ཁྱེར་པའེ་ལིང་ན་ཏ་མུའུ་རིག་གནས་ཐོན་ལས་གླིང་དུ་འགྲན་རའི་རྣམ་པ་འཁྲུག་ཆ་དོད་པོ་ཡོད་ཅིང་། རྔ་མོང་འགྲན་བསྡུར་ནི་དེ་བས་ཀྱང་མི་རྣམས་ཀྱིས་དོ་སྣང་ཆེན་པོ་བྱ་ཡུལ་ཞིག་ཏུ་གྱུར་ཡོད། དེའི་རྗེས་ལྟད་མོ་ཆེ་བའི་རྟ་རྒྱུག་འགྲན་བསྡུར་ཡང་འགོ་ཚུགས་ཡོད་ཅིང་། རྟ་པ་རྣམས་ཀྱིས་རྟ་ཕོ་ལྕག་གིས་སྐུལ་ཞིང་གྱི་ལིང་རྟ་ཕོས་བྱ་འཕུར་བ་ལྟར་རྒྱུགས་པས། རྩྭ་ཐང་ཐོག་གི་རྩལ་འགྲན་གྱི་མྱུར་ཚད་དང་སྤྲོ་སེམས་གང་ལེགས་མངོན་པར་བྱས་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་ན་ཏ་མུའུ་ཡི་བྱེད་སྒོ་དེ་ཟླ་8པའི་ཚེས་24ཉིན་བར་རྒྱུན་མཐུད་རྒྱུ་ཡིན་པ་དང་། རིག་གནས་ཡུལ་སྐོར་དང་། ལུས་རྩལ་རྩལ་འགྲན། ཚོང་འདུས་འཛད་སྤྱོད་བཅས་ཁག་ཆེན་པོ་གསུམ་ཚུད་ཡོད་པས། ཡུལ་སྐོར་བས་འགྲན་བསྡུར་ལ་ལྟ་བ་དང་། འཁྲབ་སྟོན་ལ་ལྟ་བ། ཚོང་འདུས་ཁུལ་དུ་བསྐྱོད་པ་སོགས་རྩྭ་ཐང་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མྱོང་རོལ་བྱེད་ཆོག་གི་ཡོད་པ་རེད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
















