གྲུ་གཟིངས་བཟོ་ལས་ཀྱིས་སླར་ཡང་གོ་ལ་ཧྲིལ་པོའི་ཟིན་ཐོ་གསར་པ་བཏོད་པ།
རང་རྒྱལ་གྱིས་རང་བརྟེན་ཇུས་འགོད་དང་བཟོ་སྐྲུན་བྱས་པའི་ལྗིད་ཚད་ཏུན་ཁྲི་30.6ཐེག་ཐུབ་པའི་སྣུམ་གྲུ་ཆེ་གྲས་གཉིས་ཚེས་5ཉིན་ལེའོ་ཉིང་ཏ་ལེན་དུ་མིང་བཏགས་རྩིས་སྤྲོད་བྱས་པ་རེད། གྲུ་གཟིངས་ཆེན་པོ་གཉིས་ཉིན་གཅིག་ལ་རྩིས་སྤྲོད་བྱས་པ་དེས་གོ་ལ་ཧྲིལ་པོའི་གྲུ་གཟིངས་བཟོ་སྐྲུན་ལས་རིགས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།
སྣུམ་གྲུ་ཆེ་གྲས་དེ་གཉིས་ལ་ཁག་སོ་སོར“ཨེ་ཧྥུ་ལུའོ་སི”(EVROS)རྟགས་ཅན་དང“ཨ་ཞེ་ལུའོ་སི”(ACHELOOS)རྟགས་ཅན་ཞེས་པའི་མིང་བཏགས་ཡོད། གྲུ་གཟིངས་དེ་གཉིས་ཀྱི་དབྱིབས་འདྲ་མཚུངས་ཡིན་པ་དང་། ཏ་ལེན་ཧེང་ལི་ལྕི་བའི་བཟོ་ལས་ཀྱིས་རང་བརྟེན་ཞིབ་བཟོ་དང་ཇུས་འགོད་བྱས་པ་ཞིག་ཡིན་ཞིང་། སྤྱིའི་རིང་ཚད་ལ་སྨི་332.8དང་། ཞེང་ཚད་ལ་སྨི་60 གཏིང་ཚད་ལ་སྨི་30 མཚོ་འགྲུལ་མྱུར་ཚད་ཅེ་14.5བཅས་ཡིན་པས། གྲུ་གཟིངས་ཀྱི་གཤིས་ནུས་དང་ཁོར་ཡུག་སྲུང་སྐྱོང་ནུས་པར་ལས་རིགས་ནང་ཁུལ་དུ་དགེ་མཚན་ངེས་ཅན་ལྡན་ཡོད།

ཧེང་ལི་གྲུ་བཟོ(ཏ་ལེན)ཚད་ཡོད་ཀུང་སིའི་སྤྱི་ཁྱབ་སྤྱི་གཉེར་གཞོན་པ་ཝང་ལེ་ཡིས། གྲུ་གཟིངས་དེའི་ཁྱད་ཆོས་ནི་མཚོ་འགྲུལ་མྱུར་ཚད་མགྱོགས་པ་དང་། སྣུམ་ཟད་གྲོན་ཆུང་བ། ཤོང་ཚད་ཆེ་བ། ཐེག་ཚད་ཆེ་བ་བཅས་ཡིན། ཐོན་གསར་པའི་གྲུ་གཟིངས་འདིར་ང་ཚོས་ཐོན་གསར་པའི་མུ་ཟི་དང་ཟེ་ཚྭ་འདོན་པའི་ལག་རྩལ་སྤྱད་ཡོད་པ་མ་ཟད། ད་དུང་ནུས་རྒྱུ་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་གི་སྒྲིག་ཆས་གསར་ཤོས་སྤྱད་ཡོད་པས། རྒྱལ་སྤྱིའི་སྦགས་མེད་ཁོར་སྲུང་གི་བླང་བྱ་གསར་ཤོས་དང་མཐུན་ཡོད་ཅེས་བརྗོད་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། གྲུ་གཟིངས་དེ་བཟོ་སྐྲུན་གྱི་བརྒྱུད་རིམ་ཁྲོད། དུམ་བུ་དང་སྤྱིའི་དུམ་བུ། ལྷུ་སྒྲིག་སོགས་ཀྱི་ལས་རིམ་ནང་སྡེབ་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས། ལས་ཆོད་མཐོ་བའི་བཟོ་རྩལ་བྱ་ཐབས་སྤྱད་ཡོད་པས། གྲུ་གཟིངས་གཉིས་སྔ་སྣུར་དུ་ཉིན་གཅིག་ལ་རྩིས་སྤྲོད་བྱ་རྒྱུ་མངོན་འགྱུར་བྱུང་བ་དང་། གྲུ་གཟིངས་རྐྱང་པའི་གན་རྒྱའི་རྩིས་སྤྲོད་དུས་ཚོད་ཉུང་མཐར་ཡང་ཟླ་བ་གསུམ་སྔ་སྣུར་ཐུབ་ཡོད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
















