མཚོ་ཐོག་བརྗེ་རེས་ས་ཚིཌ་ཆེ་ཤོས་དེའི་སྒྲིག་སྦྱོར་ལས་དོན་སྤེལ་རྒྱུ།
མཚོ་ལེ་ཆིག་སྟོང་ལྷག་ཙམ་གྱི་མཚོ་ཐོག་སྐྱེལ་འདྲེན་བྱས་རྗེས། གོ་ལ་ཧྲིལ་པོའི་གཞི་ཁྱོན་ཆེ་ཤོས་ཀྱི་མཚོ་ཐོག་བརྗེ་རེས་ས་ཚིགས་ཏེ་མཚོ་རླུང་བསམ་འདུན་ཞེས་པ་ཀོང་ཏུང་དབྱང་ཅང་ཆིང་ཀྲོའུ་མཚོ་ཐོག་རླུང་ཤུགས་གློག་ཁང་གི་སྒྲིག་སྦྱོར་མཚོ་ཁོངས་སུ་འབྱོར་བ་དང་། ཚེས་4ཉིན་མཚོ་ཐོག་ཏུ་འཕྱོ་གཡེང་རྣམ་པའི་སྒྲིག་སྦྱོར་ལས་དོན་སྤེལ་རྒྱུ་ཡིན་པ་རེད།

གསར་འགོད་པས་ཀོང་ཏུང་དབྱང་ཅང་ཆིང་ཀྲོའུ་མཚོ་ཁོངས་ནས་ཤེས་རྟོགས་བྱུང་བར། མཚོ་རླུང་བསམ་འདུན་ཞེས་པ་བླུགས་པའི་ཕྱེད་ཆུར་འཛུལ་གྲུ་གཟིངས་ཆེ་གྲས་“ཞང་ཐའེ་ཁོའུ”ཞེས་པ་གཟའ་འཁོར་གཅིག་བསྐྱོད་རྗེས། སྔོན་གཏན་འཁེལ་བའི་མཚོ་ཐོག་སྒྲིག་སྦྱོར་བྱ་ཡུལ་གྱི་ཉེ་འགྲམ་དུ་འབྱོར་བ་དང་། མཚོ་རླུང་བསམ་འདུན་ཞེས་པ་དེ་འདྲེན་སྦུག་སྒྲོམ་སྟེགས་ཐོག་སྒྲིག་སྦྱོར་བྱས་ནས། མཚོ་ཐོག་ཏུ་ལས་དོན་སྒྲུབ་འགོ་བརྩམ་རྒྱུ་རེད།
མཚོ་རླུང་བསམ་འདུན་ཞེས་པ་ནི་གོ་ལ་ཧྲིལ་པོའི་སྟོང་ཧྥུའུ་±500/ཀྲའོ་ཝ་2000ཡི་མཉེན་གཤིས་ཐད་རྒྱུག་མཚོ་ཐོག་བརྗེ་རེས་ས་ཚིགས་ཐོག་མ་དེ་ཡིན་ཞིང་། ངོས་སྙོམས་རྒྱ་ཁྱོན་ནི་ཚད་ལྡན་གྱི་རྐང་རྩེད་སྤོ་ལོའི་ཐང་ཞིག་དང་འདྲ་བ་དང་། དེའི་མཐོ་ཚད་ནི་ཐོག་སོ་15ཅན་གྱི་ཐོག་ཁང་དང་འདྲ་པོ་ཡོད་པ། ལྗིད་ཚད་ལ་ཏུན་ཁྲི་2.5ཡོད་པ། ལྗིད་ཚད་རྒྱལ་ནང་གི་གྲུ་གཟིངས་དང་འཕྲུལ་ཆས་དཔྱང་འདེགས་སྒྲིག་སྦྱོར་ནུས་པའི་ཚད་ལས་ཆེས་ཆེར་བརྒལ་བར་བརྟེན། རྒྱལ་སྤྱིའི་སྔོན་ཐོན་གྱི་སྤྱི་ཡོངས་ཀྱི་འཕྱོ་གཡེང་སྒྲིག་སྦྱོར་བཟོ་རྩལ་སྤྱད་དེ་ལས་དོན་བསྒྲུབ་རྒྱུ་ཡིན་པ་རེད།

སན་ཞ་ཚོགས་པ་ཀོང་ཏུང་ཡན་ལག་ཀུང་སི་དབྱང་ཅང་ཀུང་སིའི་མཚོ་ཐོག་རླུང་གློག་རྣམ་གྲངས་ཀྱི་འགན་འཁུར་བ་ཧོང་ཡུང་གིས། མཚོ་ཐོག་གཡེང་ཐོས་མཚོ་རླབས་འཕེལ་འགྲིབ་ཀྱི་འགྱུར་ལྡོག་དང་། གྲུ་གཟིངས་ཀྱི་ཐེག་ཚད་སྙོམས་སྒྲིག ཞིབ་ཚད་མཐོ་བའི་གནས་གཏན་འཁེལ་མ་ལག་བཅས་ལ་བརྟེན་ནས། མཚོ་ཐོག་ཏུ་ཧའོ་སྨི་རིམ་པའི་གནད་འཕིགས་སྒྲིག་སྦྱོར་ལས་དོན་ལེགས་སྒྲུབ་བྱ་རྒྱུ་ཡིན་པ་རེད། ད་ལྟའི་ཆར་རྒྱ་མཚོའི་ཐོག་རླུང་རླབས་ཤུགས་དྲག་ཆེན་པོ་མེད་པས། མཚོ་ཐོག་གི་འཕྱོ་གཡེང་ཆ་རྐྱེན་དང་འཚམ་པོ་ཡོད། རྗེས་སུ་ང་ཚོས་མཚོ་ཐོག་གི་རླུང་དང་། མཚོ་རླབས་འཕེལ་གྲིབ་བཅས་ཀྱི་འགྱུར་ལྡོག་ལ་མུ་མཐུད་དོ་ཁུར་བྱ་རྒྱུ་ཡིན། “ཞང་ཐའེ་ཁའུ”ཡིས་མཚོ་རླུང་བསམ་འདུན་ཞེས་པ་འཁྱེར་ནས་ག་ལེར་འདྲེན་སྦུག་སྒྲོམ་སྟེགས་སུ་འཛུལ་ནས་འཕྱོ་གཡེང་སྒྲིག་སྦྱོར་བྱ་རྒྱུ་ཡིན་ཞེས་བརྗོད་འདུག

མཚོ་རླུང་བསམ་འདུན་ཞེས་པ་བསྐྲུན་རྗེས། སན་ཞ་དབྱང་ཅང་ཆིང་ཀྲོའུ་ཡི་དུས་ཐེངས་ལྔ་པ་དང་དུས་ཐེངས་བདུན་པའི་མཚོ་ཐོག་རླུང་ཤུགས་གློག་ཁང་གི་རྒྱ་མཚོའི་རླུང་འཚུབ་འཕྲུལ་འཁོར་163ལས་ཐོན་པའི་གློག་ནུས་གནས་དེར་གཅིག་སྡུད་དང་། གནོན་ཤུགས་འཕར་སྣོན། འདྲེས་རྒྱུག་ནས་ཐད་རྒྱུག་ལ་བསྒྱུར་བ་བཅས་བྱས་ཏེ། མཚོ་གཏིང་གློག་སྐུད་བརྒྱུད། སྐམ་སའི་གློག་དྲར་འདྲེན་ནས་ལོ་ལྟར་ལྗང་གློག་ཏུའུ་དུང་ཕྱུར་60ཙམ་འདྲེན་ཐུབ་བཟོ་ཡོད་པ་རེད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
















