▶མཛེས་སྡུག་ལྡན་པའི་བོད་ལྗོངས། 2025ལོའི་འབྱུང་ཁམས་ཀྱི་རྒྱུགས་ལན།
གསར་འགོད་པར་ཟླ་བ་6ཚེས་2ཉིན་གྱི་སྔ་དྲོ་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ལྟ་ཞིབ་ཚད་ལེན་བྱས་པའི་མཇུག་འབྲས་ལས་མངོན་པར། 2025ལོར་བོད་ལྗོངས་ཡོངས་ཀྱི་འབྱུང་ཁམས་ཁོར་ཡུག་གི་གནས་བབ་སྤྱིའི་ཆ་ནས་བརྟན་པོ་བྱུང་བ་མ་ཟད། རྒྱལ་ཡོངས་དང་ཐ་ན་གོ་ལ་ཧྲིལ་པོར་བཀྲག་མདངས་འཚེར་བའི་“ལྗང་མདོག་གི་རྒྱུགས་ལན་”ཞིག་ཕུལ་ཡོད་པ་སྟེ། གངས་ལྗོངས་ས་མཐོ་འདི་ནི་སྔར་བཞིན་འཛམ་གླིང་ཐོག་འབྱུང་ཁམས་ཁོར་ཡུག་སྤུས་ཚད་ལེགས་ཤོས་ཀྱི་གྲས་ཤིག་ཡིན་པ་རེད།

2025ལོར་བོད་ལྗོངས་ཡོངས་ཀྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་བསྡུར་ཚད་99.8%ཟིན་པ་དང་། PM2.5ཡི་ལོ་འཁོར་ཆ་སྙོམས་གར་ཚད་ལ་སྨི་རྒྱ་དཔངས་གྲུ་བཞི་རེར་ཁེ་རྡུལ་དགུ་དང་ཚེག་ལྔ་(9.5)ལས་མེད། རྒྱལ་ཡོངས་ཀྱི་ས་ཁུལ་རིམ་པ་དང་དེ་ལས་མཐོ་བའི་གྲོང་ཁྱེར་339ཡི་མཁའ་རླུང་སྤུས་ཚད་ཨང་རིམ་ཁྲོད། ཉིང་ཁྲི་དང་མངའ་རིས། ལྷོ་ཁ་བཅས་ཀྱིས་ཨང་དང་པོ་ནས་གསུམ་པ་བར་བཟུང་བ་དང་། ལྷ་ས་གྲོང་ཁྱེར་དེ་གཙོ་གནད་གྲོང་ཁྱེར་གྱི་ཨང་རིམ་ཁྲོད་རྒྱལ་ཡོངས་ཀྱི་ཨང་གཉིས་པར་སླེབས་ཡོད།

“བོད་ལྗོངས་ཀྱི་ནམ་མཁའ་སྔོན་པོ་”དེ་མིང་བྱང་གསོན་པོ་ཞིག་ཏུ་གྱུར་པ་མ་ཟད། “ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག་”ལའང་གཅེས་སྐྱོང་བླ་མེད་ཐོབ་སྟེ། ལྗོངས་ཡོངས་ཀྱི་རྒྱུགས་ཆུ་དང་མཚེའུ་གཙོ་བོའི་ཆུའི་སྤུས་ཚད་ཚང་མ་རིགས་Ⅲཔའི་ཆུའི་སྤུས་ཚད་དམ་ཡང་ན་དེ་ལས་ལེགས་པའི་ཚད་དུ་སླེབས་ཡོད་ལ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆུ་ཁོངས་དག་“དྲི་ངན་དང་རྙོག་ནག་”གཅིག་ཀྱང་མེད་པའི་ཟིན་ཐོ་སྔར་མུས་སུ་རྒྱུན་འཁྱོངས་ཐུབ་ཡོད།

རང་བྱུང་ལྷན་སྐྱེས་ཀྱི་མཛེས་སྡུག་འདི་དག་ལས། བོད་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་འབྱུང་ཁམས་བདེ་འཇགས་སྲུང་ཡོལ་བློ་བརྟན་འགྱུར་མེད་ངང་བརྟན་དུ་བཏང་བའི་“སྲུང་སྐྱོང་ནུས་ལྡན་”དེ་མཚོན་ཡོད། 2025ལོར་བོད་ལྗོངས་ཀྱི་འབྱུང་ཁམས་སྲུང་སྐྱོང་ལས་དོན་ལ་མངོན་གསལ་དོད་པའི་གྲུབ་འབྲས་མང་པོ་ཞིག་བྱུང་ཡོད་དེ། གཅིག་ནས་ཁྲིམས་སྐྱོང་གི་སྲུང་སྐྱོང་ཇེ་ཟབ་ཇེ་བརྟན་དུ་སོང་སྟེ། 《མཚོ་བོད་ས་མཐོའི་འབྱུང་ཁམས་སྲུང་སྐྱོང་བཅའ་ཁྲིམས།》བོད་རང་སྐྱོང་ལྗོངས་ཀྱི་ལག་བསྟར་བྱ་ཐབས་དངོས་སུ་ནུས་ལྡན་དུ་གྱུར་པ། གཉིས་ནས་མཐོ་ས་འཛུགས་སྐྲུན་གྱིས་རྒྱལ་ཡོངས་ཀྱི་སྣེ་ཁྲིད་པ་སྟེ། “རྒྱལ་ཁབ་ཀྱི་འབྱུང་ཁམས་ཤེས་དཔལ་གྱི་མཐོ་ས་”གཏོད་པའི་བརྒྱུད་རིམ་ཁྲོད། དམིགས་ཚད་21རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སྔོན་སྐྱོད་བྱས་པ་དང་དམིགས་ཚད་9རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ། གསུམ་ནས་ཐཱན་ཉུང་ཕྱོགས་སྒྱུར་གྱི་སྒུལ་ཤུགས་ཆེན་པོ་འཕེལ་ཏེ། ལྗོངས་ཡོངས་སུ་བསྐྲུན་པའི་ནུས་རྒྱུ་གཙང་མའི་གློག་ཤུགས་སྒྲིག་སྦྱོར་གྱི་བསྡུར་ཚད་99%བར་འཕར་ནས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཤིང་། འཛམ་གླིང་ཡང་རྩེའི་ཐོག་འབྱུང་ཁམས་སྲུང་སྐྱོང་དང་ལྗང་མདོག་འཕེལ་རྒྱས་གཉིས་ཟུང་འབྲེལ་གྱི་“གཉིས་ཁེ་གཉིས་ཕན་”གྱི་ཕུལ་དུ་བྱུང་བའི་གྲུབ་འབྲས་མངོན་འགྱུར་བྱུང་བ་བཅས་རེད།

གཞན་ཡང་། “མཛེས་སྡུག་ལྡན་པའི་བོད་ལྗོངས་”ཞེས་པ་དེ་བསམ་བློའི་ལྟ་བ་ཙམ་ནས་གང་སར་དངོས་སུ་ལག་ལེན་དོན་ཐོག་ཏུ་སྨིན་པའི་ཕྱོགས་སུ་བསྒྱུར་བཞིན་ཡོད། ད་ལྟའི་ཆར་ལྷ་ས་གྲོང་ཁྱེར་ལ་“རྒྱལ་སྤྱིའི་འདམ་རའི་གྲོང་ཁྱེར་”གྱི་མཚན་སྙན་ཐོབ་པ་མ་ཟད། གཞིས་རྩེ་དང་ལྷོ་ཁ་དང་མཉམ་དུ་རང་སྐྱོང་ལྗོངས་རིམ་པའི་“སྙིགས་མེད་གྲོང་ཁྱེར་”ཁག་དང་པོའི་མིང་གཞུང་ནང་དུའང་བདམས་ཡོད། གངས་རི་དང་འཁྱགས་རོམ་ནས་གཙང་པོ་དང་ཆུ་བོ་ཆེན་པོའི་བར་གྱི་ངོ་མཚར་ལྡན་པའི་ས་གཞི་འདིས། “རི་སྔོན་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་”ཞེས་པའི་གཞུང་ལུགས་དེ་གསོན་ཉམས་དོད་པོའི་ངང་དངོས་ཡོད་ཀྱི་དཔལ་འབྱོར་དུ་བསྒྱུར་ཏེ། མཛེས་སྡུག་ལྡན་པའི་ཀྲུང་གོ་བསྐྲུན་པའི་ཆེད་དུ་གཞན་གྱིས་ཚབ་བྱེད་ཐབས་མེད་པའི་“བོད་ལྗོངས་ཀྱི་སྟོབས་ཤུགས་”ཕུལ་དང་འབུལ་བཞིན་ཡོད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག ལྷག་པ། ཚེ་ཕུན།
གསར་འགོད་པ། གཡུང་དྲུང་། བསྟན་དབང་།
















