མཚོ་ཆུ་ཚྭ་སེལ་གྱི་ཉིན་རེའི་ཐོན་ཚད་ཏུན་ཁྲི་300ལས་བརྒལ་བ།
གསར་འགོད་པར་རང་བྱུང་ཐོན་ཁུངས་པུའུ་ནས་རྒྱུས་ལོན་བྱུང་བར་གཞིགས་ན། རང་རྒྱལ་གྱི་མཚོ་ཆུ་ཚྭ་སེལ་གྱི་ཉིན་རེའི་ཐོན་ནུས་ཏུན་ཁྲི་300ལས་བརྒལ་ཡོད་ཅིང་། དེ་ནི་མི་འབོར་ཁྲི་1500ཡི་ཉིན་རེའི་འཚོ་བའི་སྤྱོད་ཆུའི་མཁོ་ཚད་དང་མཚུངས་ཀྱི་ཡོད་པ་རེད། ས་གནས་ཁག་གི་མཚོ་ཆུ་ཚྭ་སེལ་རྣམ་གྲངས་འཛུགས་སྐྲུན་ལ་བརྟན་པོའི་ངང་སྐུལ་འདེད་གཏོང་བཞིན་ཡོད་དེ། ཧོ་པེ་ཚང་ཀྲོའུ་ཡིས་“འོད་ཤུགས་དང་། ནུས་གསོག མཚོ་ཆུ་ཚྭ་སེལ་”བཅས་ཟུང་དུ་འབྲེལ་བའི་འཕེལ་རྒྱས་གཏོང་སྟངས་གསར་དུ་ལག་བསྟར་བྱས་པས། ཚང་ཀྲོའུ་ས་ཁུལ་གྱི་“མཚོ་འགྲམ་དུ་གནས་ཀྱང་ཆུ་དཀོན་པའི་”དཀའ་གནད་བསལ་ཡོད།

རང་རྒྱལ་གྱི་མཚོ་ཆུ་ཚྭ་སེལ་ཐོན་ལས་ཀྱིས་ལྟེ་བའི་ལག་རྩལ་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་ཅིང་། ཐེན་ཅིན་ལས་གྲྭའི་ནང་མ་ལག་ཡོངས་རྫོགས་རང་རྒྱལ་ནས་ཐོན་སྐྱེད་བྱས་པའི་སྒྲིག་ཆས་ཀྱི་ཐོན་སྐྱེད་ལམ་ཐིག་བསྐྲུན་ཡོད། དེས་ཕྱི་རྒྱལ་གྱི་ལག་རྩལ་སྒེར་སྡེམ་གཏོར་ནས་སྒྲིག་ཆས་རང་རྒྱལ་དུ་བཟོ་བའི་བསྡུར་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་པ་དང་། ཆུ་ཏུན་རེ་བཟོ་འདོན་བྱེད་པའི་ནུས་པའི་ཟད་གྲོན་དེ་རྒྱལ་སྤྱིའི་སྔོན་ཐོན་སྒྲིག་ཆས་ཀྱི་ཆུ་ཚད་དང་མཉམ་ཡོད། ཧྲན་ཏུང་དང་། ཀྲེ་ཅང་། ཧའེ་ནན་བཅས་ཀྱི་ཐག་རིང་དུ་ཆགས་པའི་མཚོ་གླིང་30ལྷག་ཙམ་དུ་མཚོ་ཆུ་ཚྭ་སེལ་སྒྲིག་བཀོད་ཁྱབ་གདལ་བཏང་བས། དེ་སྔོན་གྲུ་གཟིངས་ལ་བརྟེན་ནས་ཆུ་དབོར་བ་དང་དུས་བཀག་གིས་ཆུ་མཁོ་འདོན་བྱེད་དགོས་པའི་དཀའ་ངལ་ལས་ཡོངས་སུ་ཐར་ཡོད།

“ལོ་ལྔ་ཚན་བཅོ་ལྔ་པའི་”དུས་སྐབས་སུ་སླེབས་པ་དང་བསྟུན། ཐོན་ལས་འདི་ཉིད་སྤུས་ལེགས་ཅན་དང་། ལྗང་མདོག་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཕྱོགས་སུ་མདུན་སྐྱོད་བྱེད་བཞིན་ཡོད་དེ། རང་ངོས་ཀྱི་ཆུའི་ཐོན་ཁུངས་མི་འདང་བའི་གནད་དོན་ཐག་བཅད་པ་མ་ཟད། ད་དུང་གོ་ལ་ཧྲིལ་པོའི་ཆུ་དཀོན་པའི་རྒྱལ་ཁབ་དང་ས་ཁུལ་རྣམས་ལའང་ལག་ལེན་དངོས་འཁེལ་གྱི་ཐག་གཅོད་ཇུས་གཞི་མཁོ་འདོན་བྱས་པས། དེ་ནི་ཀྲུང་གོའི་རྩེར་སོན་བཟོ་སྐྲུན་ལས་རིགས་འཛམ་གླིང་དུ་སྐྱོད་པའི་མིང་བྱང་གལ་ཆེན་ཞིག་ཏུའང་གྱུར་ཡོད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག བསྟན་དབང་།
ཡིག་སྒྱུར། ཚེ་ཕུན།
















