ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

དབྱིན་ཇིས་2008ལོའི་རྗེས་སྐྱེས་པའི་མིས་ཚེ་གང་ཐ་མག་ཉོ་མི་ཆོག་པ་བཟོས།

2026-04-23 16:26:00     责编:卓玛才让

ཉེ་ཆར་དབྱིན་ཇིའི་གྲོས་ཚོགས་སྟོད་སྨད་གཉིས་ཀྱིས《རྡོ་ཐ་དང་གློག་རྡུལ་ཐ་མག་སྐོར་གྱི་ཁྲིམས་གཞི》ལ་དངོས་སུ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ཁྲིམས་གཞིའི་ནང་། 2009ལོའི་ཟླ་1ཚེས་1ཉིན་དང་དེ་བཞིན་དེ་རྗེས་སུ་སྐྱེས་པའི་མང་ཚོགས་ནས་ནམ་ཡང་ཐ་མག་ཉོ་མི་ཆོག་པའི་གཏན་འབེབས་བྱས་ཡོད།

དབྱིན་ཇིའི་འཕྲོད་བསྟེན་བློན་ཆེན་ཝེ་སི་.སི་ཐེ་ལི་ཐིང་གིས། ད་ཐེངས་ཁྲིམས་འཛུགས་བྱེད་དོན་ནི་དབྱིན་ཇིའི་རྒྱལ་དམངས་ཀྱི་བདེ་ཐང་ལོ་རྒྱུས་ཐོག་གི་དུས་སྐབས་གལ་ཆེན་ཞིག་ཡིན་པ་དང་། དེའི་དམིགས་ཡུལ་ནི་དབྱིན་ཇིའི་མི་རབས་དང་པོའི་ཐ་མག་མི་འཐེན་པའི་མི་ཚོགས་གསོ་སྐྱོང་བྱས་ཏེ། ན་གཞོན་མི་རབས་རྣམས་ཐ་མག་ལ་དབྱིངས་ཞུགས་དང་དེ་བཞིན་ཐ་མག་ལས་བྱུང་བའི་ཚེ་གང་བདེ་ཐང་གི་གནོད་འཚེ་ལས་ཁ་འབྲལ་དུ་འཇུག་རྒྱུ་ཡིན་ཞེས་བརྗོད་ཡོད།

ཁྲིམས་གཞིའི་ནུས་པ་དངོས་སུ་ཐོན་རྗེས། དབྱིན་ཇི་སྲིད་གཞུང་གིས་ད་དུང་ཐ་མག་བཀག་འགོག་གི་ཁྱབ་ཁོངས་སྔར་བས་ཆེ་རུ་བཏང་ནས། ཁང་པའི་ནང་ཐ་མག་འཐེན་མི་ཆོག་པའི་གཏན་འབེབས་དེ་བྱིས་པའི་རོལ་རྩེད་ཁང་དང་། སློབ་གྲྭ། དེ་བཞིན་སྨན་ཁང་གི་མཐའ་འཁོར་སོགས་ཕྱི་རོལ་གྱི་སྤྱི་པའི་ས་ཁོངས་བར་སྣུར་བསྲིངས་བྱ་རྒྱུ། དེ་དང་ཆབས་ཅིག་གློག་རྡུལ་ཐ་མག་གི་བྲོ་བ་དང་ཕྱི་ཐུམ་ལ་དོ་དམ་ཚོད་འཛིན་ནན་པོ་བྱེད་པ་དང་འབྲེལ་ད་ཡོད་ཀྱི་ཐ་མག་བཀག་འགོག་ས་ཁོངས་སུ་གློག་རྡུལ་ཐ་མག་འཐེན་རྒྱུ་དུས་གཅིག་ཏུ་བཀག་འགོག་བྱ་རྒྱུ་ཡིན་པ་རེད།

དབྱིན་ཇིའི་རྒྱལ་ཁབ་སྨན་བཅོས་ཞབས་ཞུའི་མ་ལག་གི་གྲངས་གཞི་ལས་མངོན་པར། ཐ་མག་འཐེན་ནས་ལོ་ལྟར་དབྱིན་ཀེ་ལན་དུ་མི་ཁྲི་7.5ཙམ་གྲོངས་བཞིན་པ་དང་། ཐ་མག་འཐེན་པ་དང་འབྲེལ་བ་ཡོད་པའི་གྲོངས་པའི་མི་གྲངས་ཀྱིས་ས་གནས་དེ་གའི་འདས་གྲོངས་སུ་ཕྱིན་པའི་མི་གྲངས་བསྡོམས་འབོར་གྱི་བཞི་ཆ་གཅིག་བཟུང་ཡོད་པས། ཐ་མག་ཚོད་འཛིན་ནན་པོ་བྱ་རྒྱུ་དེ་ཁ་ཚ་དགོས་གཏུག་ཅིག་ཏུ་གྱུར་ཡོད།

གོ་ལ་ཧྲིལ་པོར་བལྟས་ཚེ། ནེའུ་ཙི་ལན་གྱིས་དེ་སྔ་2022ལོར་སྔོན་ལ་ཁྲིམས་བཟོས་ནས་2008ལོའི་རྗེས་སུ་སྐྱེས་པའི་མི་ཚོགས་ལ་ཐ་མག་འཚོང་རྒྱུ་གཏན་འགོག་བྱས་པ་དང་། རྗེས་མཐུད་ཀྱི་འབྲེལ་ཡོད་ཁྲིམས་གཞི་དེ་སྐབས་གསར་པའི་སྲིད་གཞུང་གིས་2023ལོའི་ཟླ་11པར་མེད་པར་བཟོས་ཡོད་ཅིང་། སྐབས་དེ་དུས་ཁྲིམས་གཞི་ལག་ལེན་བསྟར་ནས་ལོ་གཅིག་ཀྱང་འགྲོ་ཡི་མེད་པ་དང་། མར་ཏི་ཝེས་ཀྱང་ན་ནིང་འབྲེལ་ཡོད་སྲིད་ཇུས་བཏོན་ནས་2007ལོའི་རྗེས་སུ་སྐྱེས་པའི་མིར་ཐ་མག་འཚོང་མི་ཆོག་པ་བཟོས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

中央广播电视总台 央广网 版权所有

དབྱིན་ཇིས་2008ལོའི་རྗེས་སྐྱེས་པའི་མིས་ཚེ་གང་ཐ་མག་ཉོ་མི་ཆོག་པ་བཟོས།

ཉེ་ཆར་དབྱིན་ཇིའི་གྲོས་ཚོགས་སྟོད་སྨད་གཉིས་ཀྱིས《རྡོ་ཐ་དང་གློག་རྡུལ་ཐ་མག་སྐོར་གྱི་ཁྲིམས་གཞི》ལ་དངོས་སུ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་།