དུས་ཚིཌ་དང་པོར་ཡུལ་སྐོར་མེ་འཁོར་གཏོང་གྲངས་627ཟིན་པ།
དུས་ཚིགས་དང་པོར་སྤྱི་ལོའི་ལོ་གསར་དང་། དཔྱིད་གསར་དུས་ཆེན། དཔྱིད་ཀའི་ངལ་གསོ་བཅས་གཅིག་མཇུག་གཉིས་མཐུད་ངང་འཁེལ་བའི་སྟབས་ཀྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མངོན་གསལ་དོད་པོས་མང་དུ་ཕྱིན་པ་དང་། རྒྱལ་ཡོངས་སུ་ཡུལ་སྐོར་མེ་འཁོར་གཏོང་གྲངས་627ཟིན་ནས་ཡུལ་སྐོར་དཔལ་འབྱོར་ལ་སྐུལ་འདེད་ནུས་ལྡན་ཐུབ་པ་དང་འཛད་སྤྱོད་རྒྱུན་མཐུད་ངང་འཕར་རྒྱུར་སྐུལ་ཁྲིད་ཐུབ་ཡོད།
དུས་ཚིགས་དང་པོར། མེ་འཁོར་མང་པོ་མཛེས་ལྗོངས་ཁུལ་དུ་བཏང་བ་སྟེ། དཔེར་ན། “དོམ་ཁྲའི་ཆེད་གཏོང་མེ་འཁོར་”དང་། “ཐེན་ཅིན་དུ་ཡུལ་སྐོར་བྱེད་པའི་དུས་ཚོད་ཨང་རྟགས་”སོགས་རྒྱལ་ཡོངས་ཀྱི་ཁྱད་ལྡན་ཡུལ་སྐོར་མེ་འཁོར་མང་པོས་གངས་འཁྱགས་ཡུལ་སྐོར་དང་། གསར་བརྗེའི་ཡུལ་སྐོར་སོགས་བརྒྱུད་རིམ་ཧྲིལ་པོའི་ཡུལ་སྐོར་ཐོན་རྫས་བཏོན་ནས་ལམ་རྒྱུད་ཀྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་ཀྱི་གསོན་ཤུགས་འཕེལ་བ་བྱས་ཡོད།

ཞིང་ཆེན་དང་རང་སྐྱོང་ལྗོངས་བརྒལ་བའི་ཡུལ་སྐོར་མེ་འཁོར་བཏང་བ་སྟེ། ཅང་ཤིས་དང་ཧྥུའུ་ཅན་སོགས་ཀྱིས་ཤིན་ཅང་ཁ་ཧྲིའི་“ཕུགས་འདུན་འཚོལ་བའི་དར་གོས་ལམ་བུའི་”ལུས་གསོའི་ཆེད་གཏོང་མེ་འཁོར་ཐེངས་4བཏང་བ་དང་། ཨུ་ལུམ་ཆིས་ཁྲེང་ཏུའུ་དང་ཀྲང་ཅ་ཅེ་ནས་ཀོང་ཀྲོའུ་དང་ཞ་མོན་སོགས་གྲོང་ཁྱེར་ཁག་བརྒྱུད་པའི་ཡུལ་སྐོར་མེ་འཁོར་བཏང་བ། ཀོང་ཞི་ཡིས་ཀུའེ་ཀྲོའུ་ནས་ཡུན་ནན་ཁ་ཕྱོགས་ཀྱི་མེ་ཏོག་ལ་མྱོང་རོལ་བྱེད་པའི་ཡུལ་སྐོར་ཆེད་གཏོང་མེ་འཁོར་ཉིན་4དང་ཞག་3བཏང་བ་བཅས་རེད།

དུས་ཚིགས་དང་པོར་རྒྱལ་མཚམས་ལས་བརྒལ་བའི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ཆེས་ཆེར་འཕར་ཡོད། ཀོང་ཀྲོའུ་ནས་ཧྲེན་ཀྲེན་དང་ཤང་ཀང་བར་གྱི་མྱུར་བགྲོད་ལྕགས་ལམ་གྱིས་རྒྱལ་མཚམས་སྒྲོལ་བའི་འགྲུལ་པ་མི་ཐེངས་ཁྲི་866སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས་17.7%འཕར་བ་དང་། ཀྲུང་གོ་དང་ལོ་སིའི་ལྕགས་ལམ་གྱིས་རྒྱལ་མཚམས་སྒྲོལ་བའི་འགྲུལ་པ་མི་ཐེངས་ཁྲི་11.2སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས་31.6%འཕར་བ། ཀྲུང་གོ་དང་མོང་གོལ། ཀྲུང་གོ་དང་ཨུ་རུ་སུ། ཀྲུང་གོ་དང་ཝེ་ཐེ་ནམ། ཀྲུང་གོ་དང་ཁྲའོ་ཞན་བཅས་ཀྱི་རྒྱལ་སྤྱིའི་འགྲུལ་སྐྱེལ་མེ་འཁོར་བརྟན་པོའི་ངང་བཏང་ནས་རྒྱལ་མཚམས་སྒྲོལ་མཁན་འགྲུལ་བཞུད་དང་དཔལ་འབྱོར་ཚོང་དོན་སྤེལ་རེས་ལ་རམ་འདེགས་བྱས་ཡོད་པ་རེད། །
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
















