ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

སི་ཁྲོན་གྱིས་དམངས་གཉེར་མཐོ་སློབ་ཀྱི་གྲོན་བསྡུའི་སྲིད་ཇུས་བཏོན་པ།

2026-04-09 17:17:00     责编:卓玛才让

སི་ཁྲོན་ཞིང་ཆེན་སློབ་གསོ་ཐིང་དང་སི་ཁྲོན་ཞིང་ཆེན་འཕེལ་རྒྱས་བསྒྱུར་བཅོས་ཨུ་ལྷན། སི་ཁྲོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་བཅས་ཀྱིས་ཉིན་ཤས་གོང་བརྡ་ཐོ་པར་འགྲེམས་བྱས་ནས། སི་ཁྲོན་ཞིང་ཆེན་གྱི་དམངས་གཉེར་མཐོ་སློབ་ཀྱིས་གྲོན་དངུལ་བསྡུ་བའི་ཐད་ཁྲོམ་རའི་སྙོམས་སྒྲིག་རིན་གོང་མུ་མཐུད་ལག་བསྟར་བྱ་རྒྱུ་ཁ་གསལ་བཟོས་པ་སྟེ། 2026ལོའི་སྟོན་ཀའི་སློབ་དུས་ནས་བཟུང་། གྲོན་དངུལ་བསྡུ་བའི་རྣམ་གྲངས་ནི་སློབ་ཡོན་དང་། ཞག་སྡོད་གྲོན་དངུལ། ཞབས་ཞུའི་རང་བཞིན་གྱི་གྲོན་དངུལ། ཚབ་བསྡུའི་གྲོན་དངུལ་བཅས་རིགས་4 ཡིན་པ་གཅིག་གྱུར་བྱས་འདུག

བརྡ་ཐོར་གཞིགས་ན། སི་ཁྲོན་ཞིང་ཆེན་གྱི་དམངས་གཉེར་མཐོ་སློབ་ཀྱི་སློབ་གཉེར་བརྒྱུད་རིམ་སློབ་གསོ་དང་། སློབ་གཉེར་བརྒྱུད་རིམ་མིན་པའི་སློབ་གསོའི་སློབ་ཡོན་དང་དེ་བཞིན་ཞག་སྡོད་གྲོན་དངུལ་ལ་ཁྲོམ་རའི་སྙོམས་སྒྲིག་རིན་གོང་མུ་མཐུད་ལག་བསྟར་བྱ་རྒྱུ་དང་། ཞིབ་ཕྲའི་གྲོན་བསྡུའི་ཚད་གཞི་དེ་སློབ་གྲྭ་རང་གིས་གཏན་འཁེལ་བྱ་དགོས་ཤིང་། དེའི་ནང་ཁེ་གཉེར་རང་བཞིན་མིན་པའི་དམངས་གཉེར་མཐོ་སློབ་ཀྱི་སློབ་གཉེར་བརྒྱུད་རིམ་སློབ་གསོའི་སློབ་ཡོན་དང་དེ་བཞིན་ཞག་སྡོད་གྲོན་དངུལ་གྱི་ཞིབ་ཕྲའི་གྲོན་བསྡུའི་ཚད་གཞི་དེ་ཁེ་གཉེར་མིན་པའི་རྩ་དོན་མཐའ་འཁྱོངས་བྱས་ཐོག སློབ་གཉེར་མ་གནས་དང་། ཁྲོམ་རའི་དགོས་མཁོ། ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་ཚུལ། མང་ཚོགས་ཀྱི་ཐེག་ནུས་སོགས་ཀྱི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་བསམ་གཞིག་བྱེད་པའི་རྨང་གཞིའི་ཐོག་རང་བརྟེན་གཏན་འཁེལ་བྱ་དགོས། སློབ་གྲྭས་གྲོན་བསྡུའི་ཚད་གཞི་ལེགས་སྒྲིག་བྱེད་པར་སློབ་མ་གསར་པ་ཐོ་འགོད་མ་བྱས་གོང་གི་ཟླ་བ་12ཀྱི་གོང་རིན་གོང་ལེགས་སྒྲིག་གི་ཇུས་གཞི་དང་དེའི་རྒྱུ་མཚན་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་བརྒྱུད་ཡོངས་བསྒྲགས་བྱེད་པ་དང་འབྲེལ། ཉེ་བའི་ལོ་3རིང་རྩིས་བཤེར་བྱས་པའི་མ་གནས་ཆ་འཕྲིན་ཡོངས་བསྒྲགས་བྱ་དགོས། ཁེ་གཉེར་རང་བཞིན་མིན་པའི་དམངས་གཉེར་མཐོ་སློབ་ཀྱིས་སློབ་གཉེར་བརྒྱུད་རིམ་གྱི་སློབ་གསོའི་གྲོན་བསྡུའི་ཚད་གཞི་ལེགས་སྒྲིག་བྱེད་པའི་བར་མཚམས་དུས་ཚོད་དེ་རྩ་དོན་ཐོག་སློབ་ལོ་ཆ་ཚང་3ལས་མི་ཉུང་བ་བྱ་དགོས།

སྡེ་ཚན་གསུམ་པོས་དམངས་གཉེར་མཐོ་སློབ་ཀྱི་རིན་གོང་ལེགས་སྒྲིག་ཇུས་གཞིར་སྤྱི་ཚོགས་དང་། ཁྱིམ་བདག སློབ་མ་བཅས་ཀྱི་བསམ་འཆར་བསྡུ་ལེན་བྱེད་དགོས་པ་དང་། ཁྱིམ་བདག་དང་སློབ་མས་བཏོན་པའི་གྲོས་འགོ་དག་དང་ལེན་བྱས་ཚུལ་དང་རྒྱུ་མཚན་གསལ་བཤད་བྱེད་དགོས། ལེགས་སྒྲིག་བྱས་རྗེས་ཀྱི་གྲོན་བསྡུའི་ཚད་གཞི《སློབ་གསོའི་གྲོན་བསྡུའི་ཡོངས་བསྒྲགས་ལམ་ལུགས》ནན་པོར་གཞིགས་ཐོག སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་གྲོན་བསྡུའི་ཡོངས་བསྒྲགས་ཆེད་བསྒྲིགས་བཟོ་བ་སོགས་ཀྱི་བྱ་ཐབས་བརྒྱུད། གྲོན་བསྡུའི་རྣམ་གྲངས་དང་། གྲོན་བསྡུའི་ཚད་གཞི། གྲོན་བསྡུའི་ཁྱབ་ཁོངས། གྲོན་དངུལ་ཕྱིར་སློག་བྱེད་ཐབས། བྱ་དགའ་དང་རོགས་སྐྱོར་དངུལ་(ཆག་ཡང་དང་རྩ་ཆག་གཏོང་བ)གྱི་སྲིད་ཇུས། ལྟ་སྐུལ་ཐེར་འདོན་ཁ་པར་སོགས་འབྲེལ་ཡོད་ནང་དོན་ཡུན་རིང་ཡོངས་བསྒྲགས་བྱ་དགོས། སློབ་མ་གསར་པ་བསྡུ་བའི་བརྡ་ཐོའི་ནང་འབྱོར་ཐོ་འགོད་སྐབས་འཇལ་དགོས་པའི་སློབ་ཡོན་དང་། ཞག་སྡོད་གྲོན་དངུལ། ཞབས་ཞུའི་རང་བཞིན་གྱི་གྲོན་བསྡུ། ཚབ་བསྡུའི་གྲོན་དངུལ་གྱི་བཅས་ཀྱི་ཞིབ་ཕྲའི་ཚད་གཞི་ཁག་འགོད་དགོས་ཞེས་ནན་སྟོན་བྱས་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

中央广播电视总台 央广网 版权所有

སི་ཁྲོན་གྱིས་དམངས་གཉེར་མཐོ་སློབ་ཀྱི་གྲོན་བསྡུའི་སྲིད་ཇུས་བཏོན་པ།

སི་ཁྲོན་ཞིང་ཆེན་སློབ་གསོ་ཐིང་དང་སི་ཁྲོན་ཞིང་ཆེན་འཕེལ་རྒྱས་བསྒྱུར་བཅོས་ཨུ་ལྷན།