རང་རྒྱལ་གྱིས་ཐཱན་འབུད་ཞིབ་རྩིས་མ་ལག་ཐོག་མ་འདི་ཁྱབ་བསྒྲགས་བྱས།
ཚེས་8ཉིན། ཀྲུང་གོ་ཚན་རིག་ཁང་ཧྲང་ཧའེ་མཐོ་རིམ་ཞིབ་འཇུག་གླིང་གིས་སྣེ་ཁྲིད་དེ་བཏོད་པའི་“ཕན་ཧྲི·ཡུས་ཧེང་ཐཱན་ཞིབ་རྩིས་དཔེ་དབྱིབས་ཆེན་མོ་”ཁྱབ་བསྒྲགས་བྱས་ཡོད། དཔེ་དབྱིབས་ཆེན་མོ་དེས་སྐྱེས་གྲུབ་རྣམ་པའི་མི་ཐབས་རིག་ནུས་བརྒྱུད་ཐཱན་ཞིབ་རྩིས་ཁྱབ་ཁོངས་ཀྱི་དཔེ་དབྱིབས་བསྐྱར་སྒྲིག་བྱས་ཡོད་པ་དང་། གོ་ལ་ཧྲིལ་པོའི་ཐཱན་འཁོར་རྒྱུག་དང་ཐཱན་ཁུངས་འདེད་གཉིས་འགུལ་རྣམ་གྱི་ཐོག་ནས་མཚོན་ཐུབ་ཀྱི་ཡོད། དེ་ནི་གོ་ལ་ཧྲིལ་པོའི་ཐོན་སྐྱེད་ཕྱོགས་དང་འཛད་སྤྱོད་ཕྱོགས། རང་བྱུང་འབྱུང་ཁུངས་བཅས་ལ་ཁྱབ་པའི་ཁྱོན་ཡོངས་རྣམ་པའི་ཐཱན་འབུད་ཞིབ་རྩིས་མ་ལག་ཐོག་མ་དེ་ཡིན་པ་དང་། དེས་རྒྱལ་ཁབ་ཀྱིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་དགོས་མཁོར་གནད་སྨིན་ཞབས་ཞུ་བསྒྲུབ་ཐུབ་རྒྱུ་རེད།

“ཕན་ཧྲི·ཡུས་ཧེང་ཐཱན་ཞིབ་རྩིས་དཔེ་དབྱིབས་ཆེན་མོ་”ཡིས་“ཕན་ཧྲི·ཚན་རིག་རྨང་གཞིའི་དཔེ་དབྱིབས་ཆེན་མོ་”རྨང་གཞིར་བྱས་ཏེ། ལག་རྩལ་སྒྲོམ་གཞིའི་ཐད་གཞི་གྲངས་དང་རྩི་ཐབས། རྩིས་ཤུགས་བཅས་རིམ་པ་གསུམ་གྱི་འདེགས་སྐྱོར་མ་ལག་བཙུགས་ཡོད་པ་དང་། དེའི་སྤུས་ཚད་མཐོ་བའི་གཞི་གྲངས་གཅིག་སྡུད་ཀྱིས་རང་བྱུང་སྐད་བརྡའི་འདྲི་རྩད་དང་། མཛོད་མང་དོ་དམ། རིག་ནུས་མཉམ་བསྲེས་འཚོལ་བཤེར་སོགས་ཉེར་སྤྱོད་དགོས་མཁོར་དམིགས་ནས། ཕྱི་ནང་ཟུང་འབྲེལ་དང་ཕྱོགས་མང་པོར་ཁྱབ་པའི་གཞི་གྲངས་གཅིག་སྡུད་མ་ལག་བཙུགས་ཡོད། དེའི་ཁྲོད། ནང་ཁུལ་གྱི་གཞི་གྲངས་གཅིག་སྡུད་དེ་ཐོན་སྐྱེད་ཕྱོགས་དང་འཛད་སྤྱོད་ཕྱོགས། རང་བྱུང་འབྱུང་ཁུངས། ཐཱན་ཁུངས་འདེད་སོགས་འགག་རྩའི་ལས་སྒོའི་ཡུལ་རྣམ་ལ་དམིགས་ཤིང་། ཕྱི་རོལ་གྱི་གཞི་གྲངས་གཅིག་སྡུད་ནང་བཅའ་ཁྲིམས་ཁྲིམས་སྲོལ་དང་། ཞིབ་རྩིས་ཕྱོགས་སྟོན། ལས་རིགས་ཤེས་བྱ། ཕྱི་རོལ་གྱི་གཞི་གྲངས་མཛོད་སོགས་ཆ་འཕྲིན་ཐོན་ཁུངས་གལ་ཆེན་ཚུད་ཡོད། རིམ་རྩིས་བྱས་ན་208TBཡི་རྣམ་གཞག་མང་བའི་ཐཱན་གྱི་གཞི་གྲངས་གཅིག་སྡུད་བྱས་ཡོད་པ་དང་། ཐཱན་གྱི་གཞི་གྲངས་རིག་ནུས་འདྲི་རྩད་དང་། ཤེས་བྱའི་རིག་འདེད། ཡུལ་རྣམ་ལ་བེད་སྤྱོད་སོགས་ཀྱི་ཐད་གཞི་གྲངས་ཀྱི་རྨང་གཞི་བརྟན་པོ་བཏིང་ཡོད།
ཐཱན་འབུད་ཞིབ་རྩིས་ནི་རྒྱལ་སྤྱིའི་གནམ་གཤིས་ཁ་ཆད་ལག་བསྟར་བྱེད་པའི་གཞི་འཛིན་ས་གལ་ཆེན་ཞིག་དང་། རྒྱལ་སྤྱིའི་ཐཱན་གྱི་རིན་གོང་གཏན་འཁེལ་བྱེད་པའི་རྨང་གཞི་གལ་ཆེན་ཞིག་རེད། དཔེ་དབྱིབས་ཆེན་མོ་དེའི་དམིགས་ཡུལ་ནི་སྲོལ་རྒྱུན་གྱི་ཐཱན་ཞིབ་རྩིས་ལ་འཕྲད་པའི་ཤེས་བྱའི་བཀག་རྒྱ་ཆེ་བ་དང་གཞི་གྲངས་ཐག་གཅོད་བྱེད་དཀའ་བ། དུས་འཁོར་རིང་བ། དབྱེ་འབྱེད་ཐུབ་ཚད་དམའ་བ་སོགས་ཀྱི་དཀའ་གནད་སེལ་ཆེད་ཡིན། མིག་སྔར་དཔེ་དབྱིབས་ཆེན་མོ་གཞིར་བྱས་ཏེ་རྒྱལ་ཁབ་རིམ་པའི་ཞིབ་ཚད་མཐོ་བའི་ཐཱན་བརྡ་ཚང་གི་དཔེ་རིས་རགས་ཙམ་མངོན་འགྱུར་བྱུང་བ་མ་ཟད། རང་རྒྱལ་གྱི་འབྱུང་འཕྲོད་ཐོན་རྫས་ཀྱིས་གོ་ལ་ཧྲིལ་པོའི་བཙོག་འབུད་ཉུང་གཏོང་ཐད་ལེགས་སྐྱེས་འབུལ་ཚུལ་ཞིབ་རྩིས་ཡང་དག་བྱས་ཡོད། དཔེར་ན། 2024ལོར་རང་རྒྱལ་གྱིས་ཕྱིར་གཏོང་བྱས་པའི་རླུང་འཁོར་དང་འོད་ཤུགས་ཐོན་རྫས་ཀྱིས་ཐོན་སྐྱེད་དུས་མཚམས་སུ་ཐཱན་འབུད་ཚད་ཏུན་ཁྲི་200ཙམ་ཟིན་ཡང་འཁོར་སྐྱོད་དུས་མཚམས་སུ་གོ་ལ་ཧྲིལ་པོར་ཐཱན་འབུད་ཚད་ཉུང་གཏོང་གི་ཕན་འབྲས་ཏུན་དུང་ཕྱུར་3.5ཙམ་ཐོན་ཡོད་པ་རེད།

གོམ་སྟབས་རྗེས་མར། ཞིབ་འཇུག་ཚོགས་པས་“ཕན་ཧྲི·ཡུས་ཧེང་ཐཱན་ཞིབ་རྩིས་དཔེ་དབྱིབས་ཆེན་མོ་”རྒྱུན་མཐུད་རིམ་འཇུག་བྱས་ནས། རང་བརྟེན་ཤེས་བྱའི་ཐོན་དབང་ལྡན་པའི་རྩི་ཐབས་དང་གཞི་གྲངས། སྙན་ཞུ་བཅས་ཆགས་པར་བྱས་ཏེ། རང་རྒྱལ་གྱི་རྒྱལ་ཁབ་དྲོད་ཁང་རླངས་གཟུགས་རྩིས་ཐོ་སྒྲིག་བཟོ་དང་རྒྱལ་ཡོངས་ཀྱི་ཐཱན་ཁྲོམ་ར་འཛུགས་སྐྲུན། གཙོ་གནད་ཐོན་ལས་འབྱུང་འཕྲོད་ཕྱོགས་སྒྱུར། དེ་བཞིན་རྒྱལ་སྤྱིའི་ཐཱན་སྲིད་ཇུས་ཀྱིས་ཁ་གཏད་གཅོག་པ་སོགས་ཀྱི་དགོས་མཁོ་གལ་ཆེན་ལ་འདེགས་སྐྱོར་བྱས་ཏེ། གོ་ལ་ཧྲིལ་པོར་དེ་བས་དྲང་གཞག་དང་ཚན་རིག་དང་མཐུན་པའི་ཐཱན་ཞིབ་རྩིས་དང་འགན་འཁྲི་བགོ་བཤའི་སྒྲིག་ལམ་གསར་པ་འཛུགས་རྒྱུར་སྐུལ་འདེད་གཏོང་ཆེད་ཀྲུང་གོའི་བློ་གྲོས་སྐྱེས་སུ་འབུལ་རྒྱུ་ཡིན་པ་རེད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
















