རུས་ཚིགས་ནས་སྐད་སྒྲ་གྲགས་པའི་རྒྱུ་རྐྱེན་རྣམ་གསུམ།
ནམ་རྒྱུན་འཚོ་བའི་ནང་མིའི་ལུས་པོའི་མཇིང་པ་དང་། རྐེད་པ། པུས་མོ། གྲུ་མོ། མཛུབ་མོ་སོགས་ལུས་པོའི་ལྷུ་ཚིགས་སམ་རུས་ཚིགས་ཧྲག་ནས་“ཁཱ་ཁྲ་”ཞེས་པའི་སྐད་སྒྲ་གྲགས་ཀྱི་ཡོད། དེ་ནི་རུས་ཚིགས་ཀྱི་གཤེར་ཁུ་ལ་འཇམ་འདྲེད་ཀྱི་ནུས་པ་ལྡན་པ་དང་། རུས་ཚིགས་ཀྱི་ཕྲུམ་རུས་ལ་འདར་ཡོམ་བསྡུ་ལེན་བྱེད་པའི་ནུས་པ་ལྡན་པའི་རྐྱེན་གྱིས་རེད། སྤྱིར་བཏང་གི་གནས་ཚུལ་འོག་དེ་ནི་ལུས་ཁམས་རང་བཞིན་གྱི་སྐད་སྒྲ་ཞིག་ཡིན་པས་གནད་འགག་ཆེན་པོ་དེ་ཙམ་མེད། ཡིན་ནའང་། མིའི་ལུས་ཕུང་གི་རུས་ཚིགས་དུས་ཡུན་རིང་པོར་རྣམ་པ་གཅིག་ཏུ་གནས་པའམ་ཡང་ན་སྐྱོན་ཆག་ཤོར་ཚེ་སྒྲ་དེ་རིགས་ཇེ་ཆེར་འགྲོ་གི་ཡོད།

ལུས་པོའི་རུས་ཚིགས་ནས་སྐད་སྒྲ་གྲགས་པའི་རྒྱུ་རྐྱེན།
རུས་ཚིགས་ནས་སྐད་སྒྲ་གྲགས་པའི་རྒྱུ་རྐྱེན་ཐད། རྒྱལ་ནང་གི་མཁས་པ་ཀུན་གྱིས་གཤམ་གྱི་གནས་ཚུལ་གསུམ་ལས་བྱུང་བར་ངོས་འཛིན་གནང་གི་ཡོད།
■ ཚིགས་གཞོང་ནང་གི་ལྦུ་བ་གས་པའི་རྐྱེན།
རུས་ཚིགས་འགུལ་སྐྱོད་བྱེད་སྐབས་ཚིགས་གཞོང་ནང་གི་ལྡོག་གནོན་ཇེ་ཆེར་སོང་ནས་རུས་ཚིགས་ཀྱི་གཤེར་ཁུ་ལ་ལྦུ་བ་ལངས་ཀྱི་ཡོད། དེ་ནས་རུས་ཚིགས་རང་གནས་སུ་ལོག་སྐབས་ལྦུ་བ་གས་ནས་“ཁཱ་ཁྲ་”ཞེས་པའི་སྐད་སྒྲ་བྱུང་བ་ཡིན།
■ རུས་ཚིགས་ཀྱི་གཤེར་ཁུ་མི་འདང་བའི་རྐྱེན།
གལ་ཏེ་དུས་ཡུན་རིང་པོར་འགུལ་སྐྱོད་མ་བྱས་ཚེ། འདྲེད་སྐྱི་ཡི་ཚོར་སྐྱེན་ཤོར་ནས་རུས་ཚིགས་ཀྱི་གཤེར་ཁུ་ཇེ་ཉུང་དུ་ཕྱིན་ཏེ་འཇམ་འདྲེད་མི་འདང་བར་རུས་ཚིགས་གློ་བུར་དུ་འགུལ་སྐྱོད་བྱེད་དུས་སྐད་སྒྲ་ཐོན་གྱི་ཡོད།
■ ཆུ་བ་དང་རུས་ཚིགས་གཙུབ་བརྡར་ཐེབས་པའི་རྐྱེན།
དུས་ཡུན་རིང་པོར་འདུག་སྟངས་གཅིག་རྒྱུན་འཁྱོངས་བྱས་ན། རུས་ཚིགས་མཐའ་འཁོར་གྱི་ཤ་གནད་དང་ཆུ་བ་དམ་པོར་བསྡམས་པའི་ཚུལ་དུ་གནས་ཤིང་། རུས་ཚིགས་འགུལ་སྐྱོད་བྱེད་སྐབས་ཆུ་བ་དང་རུས་ཚིགས་གཙུབ་བརྡར་ཐེབས་ནས་སྐད་སྒྲ་ཐོན་གྱི་ཡོད།

སྐད་སྒྲའི་དབྱེ་བ་དང་བརྡར་ཤ་གཅོད་སྟངས།
རུས་ཚིགས་ནས་སྐད་སྒྲ་གྲགས་པ་དེར་ལུས་ཁམས་རང་བཞིན་གྱི་སྐད་སྒྲ་དང་ནད་ལུགས་རང་བཞིན་གྱི་སྐད་སྒྲ་ཞེས་རིགས་གཉིས་སུ་དབྱེ་ཞིང་། རུས་ཚིགས་ནས་ནད་ལུགས་རང་བཞིན་སྐད་སྒྲ་གྲགས་སྐབས་རྒྱུན་དུ་ན་ཟུག་སྐྱེད་པ་དང་རུས་ཚིགས་ཀྱི་བྱེད་ནུས་ལ་ཚོད་འཛིན་ཐེབས་ཀྱི་ཡོད།
■ སྒྲ་མི་འདྲ་བ།
རུས་ཚིགས་ནས་ལུས་ཁམས་རང་བཞིན་གྱི་སྐད་སྒྲ་གྲགས་པ་ཕལ་ཆེ་བ་རུས་ཚིགས་འགུལ་མེད་རང་སོར་གནས་པ་ནས་གློ་བུར་དུ་འགུལ་སྐྱོད་བྱེད་པའི་སྐབས་སུ་སྒྲ་གསལ་ལ་རྐྱང་པ་ཞིག་གྲགས་འོང་། རུས་ཚིགས་ནས་ནད་ལུགས་རང་བཞིན་གྱི་སྐད་སྒྲ་གྲགས་སྐབས་སྒྲ་སྣ་ཚོགས་ཐོན་པ་གསལ་ཞིང་ལྕི་བ་དང་། ཐ་ན་གཙུབ་བརྡར་བྱེད་པའི་སྒྲ་སོགས་ཀྱང་ཐོན་གྱི་ཡོད་པ་མ་ཟད། ད་དུང་ན་ཟུག་སྐྱེད་པའི་ཚོར་བ་ཡང་འབྱུང་སྲིད།
■ ནད་རྟགས་མི་འདྲ་བ།
རུས་ཚིགས་ནས་ལུས་ཁམས་རང་བཞིན་གྱི་སྐད་སྒྲ་གྲགས་དུས་རུས་ཚིགས་ཀྱི་འགུལ་སྐྱོད་ལ་ཤུགས་རྐྱེན་མི་ཐེབས་པ་དང་ན་ཟུག་དང་མི་བདེ་བ་ཡོང་མི་སྲིད་ལ། དུས་ཐུང་ནང་ཡང་བསྐྱར་སྐད་སྒྲ་གྲགས་མི་སྲིད། རུས་ཚིགས་ནས་ནད་ལུགས་རང་བཞིན་སྒྲ་གྲགས་དུས་ན་ཟུག་གཏོང་བ་དང་སྐྲངས་པ་སོགས་མི་བདེ་བའི་ཚོར་སྣང་བྱུང་ལ། ད་དུང་མུ་མཐུད་སྐད་སྒྲ་གྲགས་སྲིད།
■ ན་ཚོད་མི་འདྲ་བ།
རུས་ཚིགས་ནས་ལུས་ཁམས་རང་བཞིན་གྱི་སྐད་སྒྲ་གྲགས་པ་ནི་རྒྱུན་དུ་དར་མ་དང་གཞོན་ནུའི་ལུས་ལ་མཐོང་བ་མང་། རུས་ཚིགས་ནས་ནད་ལུགས་རང་བཞིན་གྱི་སྐད་སྒྲ་གྲགས་པ་ནི་དར་མ་དང་རྒན་པར་བྱུང་བ་མང་།
དོ་སྣང་བྱེད་དགོས་པ་ཞིག་ལ། རུས་ཚིགས་ནས་ནད་ལུགས་རང་བཞིན་གྱི་སྐད་སྒྲ་གྲགས་དུས་དུས་ཐོག་ཏུ་སྨན་བཅོས་མ་བྱས་ན་གྲུམ་ནད་ཕོག་ཉེན་ཆེ་བ་དང་། རུས་ཚིགས་ཀྱི་དབྱིབས་ལ་འགྱུར་ལྡོག་བྱུང་སྲིད།

རྒྱུན་དུ་རུས་ཚིགས་ལ་སྲུང་སྐྱོང་བྱེད་སྟངས།
རུས་ཚིགས་དང་རུས་པའི་བདེ་ཐང་ལ་ནམ་ཞག་རྒྱུན་དུ་ནས་ཐབས་ཤེས་གང་དྲག་སྤྱད་ནས་སྲུང་སྐྱོང་ཡག་པོ་བྱེད་དགོས་པ་གལ་ཆེ།
■ ལུས་པོའི་ལྗིད་ཚད་ལ་ཚོད་འཛིན་བྱེད་དགོས།
ཞིབ་འཇུག་བྱས་པ་ལྟར་ན། ལུས་པོའི་ལྗིད་ཚད་ཇེ་ཡང་དུ་བཏང་ན་གྲུམ་ནད་འབྱུང་ཚད་25%-50%ཇེ་དམའ་རུ་གཏོང་ཐུབ།
■ ཚན་དང་མཐུན་པའི་འགུལ་སྐྱོད་བྱེད་དགོས།
གཟའ་འཁོར་གཅིག་ལ་འགུལ་སྐྱོད་ཐེངས་3ལས་མི་ཉུང་བ་བྱེད་དགོས་པ་དང་། འགུལ་སྐྱོད་བྱེད་ཐེངས་གཅིག་ལ་དུས་ཚོད་ཆུ་ཚོད་1ལས་མི་ཉུང་བ་དགོས།
■ འགུལ་སྐྱོད་མ་བྱས་སྔོན་ལ་གྲ་སྒྲིག་ཡག་པོ་བྱེད་དགོས།
འགུལ་སྐྱོད་གང་འདྲ་ཞིག་བྱས་ཀྱང་སྔོན་ཚུད་ནས་ལུས་འགུལ་གྲ་སྒྲིག་བྱེད་དགོས། འགུལ་སྐྱོད་བྱེད་སྐབས་རུས་ཚིགས་ལ་གནོད་པའི་འགུལ་སྟངས་དང་ཤུགས་དྲག་ཆེ་དྲགས་པའི་འགུལ་སྟངས་བསྐྱར་ཟློས་བྱེད་མི་རུང་།
■ ན་ཟུག་གཏོང་དུས་སྣང་ཆུང་བྱེད་མི་ཉན།
རུས་ཚིགས་ན་བ་དང་སྐྲངས་པའི་ཚེ་དུས་ཐོག་ཏུ་སྨན་པ་བསྟེན་དགོས་ཤིང་། ན་ཟུག་ཆེ་དུས་རི་དང་ཐེམ་སྐས་མ་འཛེགས་པ་སོགས་རུས་ཚིགས་ཀྱི་འགུལ་སྐྱོད་བྱེད་ཚད་ཇེ་ཉུང་དུ་གཏོང་དགོས་ལ། རུས་ཚིགས་ཀྱི་དྲོད་སྲུང་ལ་དེ་བས་སྣང་ཆེན་བྱེད་དགོས།
■ ཀལ་དང་ཨན་མངར་འཚོ་བཅུད་འོས་འཚམ་ཁ་གསབ་བྱེད་དགོས།
གྲུམ་ནད་ཕོག་པའི་རྒན་རྒོན་གྱིས་སྨན་པའི་མཛུབ་སྟོན་འོག་འཚོ་བཅུད་ཀལ་དང་། ཨན་མངར་འཚོ་བཅུད། ཕྲུམ་རུས་འཚོ་བཅུད་བཅས་འོས་འཚམ་ཁ་གསབ་བྱས་ཏེ་གྲུམ་ནད་ཀྱི་ན་ཟུག་ཆུང་དུ་གཏོང་བ་དང་རུས་ཚིགས་ཀྱི་ནུས་པ་ལེགས་སུ་གཏོང་དགོས་སོ། །
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
















