ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

ཤེས་དཔལ་དྲི་བསུང་འཐུལ་བཞིན་གནམ་ལོ་གསར་ཚེས་བསུ།

2026-02-06 09:37:00     责编:卓玛才让

ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ་དང་། མང་ཚོགས་ཀྱི་དུས་ཆེན་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་ཆེད། སྤྱི་ཚེས་5ཉིན་གྱི་སྔ་དྲོ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་གཙོ་གཉེར་བྱས་པའི་“ཤེས་དཔལ་དྲི་བསུང་འཐུལ་བཞིན་གནམ་ལོ་གསར་ཚེས་བསུ་ ”ཞེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་དང་། དེབ་གསར་འགྲེམ་སྤེལ་དང་རིག་གནས་སྤེལ་རེས་སོགས་ཀྱི་རྣམ་པ་བརྒྱུད་ནས། གྲོང་མི་རྣམས་ལ་རིག་གནས་ཀྱི་བཅུད་བཟང་ལྡན་ལ་ཀློག་འདོན་གྱི་སྤྲོ་སྣང་འཕེལ་བའི་དུས་ཆེན་གྱི་ལེགས་སྐྱེས་ཤིག་ཕུལ་བ་རེད།

བྱེད་སྒོ་དེ་ནི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ཏེ་“དུས་ཆེན་གཉིས་འཛོམས་”ཀྱི་རིག་གནས་ནང་དོན་ལ་གཞི་བཅོལ་བ་དང་། སྲོལ་རྒྱུན་དུས་ཆེན་གྱི་ལོ་རྒྱུས་འབྱུང་ཁུངས་དང་དམངས་སྲོལ་གྱི་ཆོ་ག་ཕྱོགས་ཡོངས་ནས་མངོན་པར་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱིས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་འཛིན་པའི་ངོས་འཛིན་དང་མོས་སེམས་ཟབ་ཏུ་བཏང་ཡོད།

སྔ་དྲོའི་དེབ་གསར་འགྲེམ་སྤེལ་མཛད་སྒོའི་ཐོག 《དུས་རབས་གསར་པའི་བོད་ཀྱི་གཞོན་སྐྱེས་རྩོམ་པ་པོའི་རྩོམ་རིག་དཔེ་ཚོགས》(ཁྱོན་དེབ་ཕྲེང་17)དང་《བོད་ཀྱི་ཕུལ་བྱུང་རྩོམ་རིག་དཔེ་ཚོགས།》(པོད་3)དངོས་སུ་དབུ་འབྱེད་བྱས་ཏེ། བོད་ཀྱི་དེང་རབས་རྩོམ་རིག་གསར་རྩོམ་གྱི་གྲུབ་འབྲས་གཅིག་སྡུད་ཐོག་ངོམ་སྟོན་བྱས་ཡོད། བོད་རང་སྐྱོང་ལྗོངས་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཚེ་རིང་ནོར་བུ་སོགས་སྐུ་མགྲོན་རྣམས་ཀྱིས་བརྩམས་ཆོས་ཀྱི་བརྗོད་དོན་དང་སྒྱུ་རྩལ་ལ་དཔྱད་བརྗོད་གཏིང་ཟབ་གནང་བ་མ་ཟད། གཞོན་སྐྱེས་རྩོམ་པ་པོའི་འཐུས་མིས་གསར་རྩོམ་གྱི་མྱོང་བ་མཉམ་སྤྱོད་དང་ཀློག་པ་པོ་རྣམས་དང་ཕན་ཚུན་བསམ་ཚུལ་བརྗེ་རེས་བྱས་པ་རེད། 

ཐེངས་འདིའི་བྱེད་སྒོས་རིག་གནས་སྨྱུག་ཐག་ཏུ་བྱས་ནས་རྩོམ་རིག་སྤེལ་རེས་ཀྱི་སྟེགས་བུ་བསྐྲུན་པ་མ་ཟད། ད་དུང་ཕན་བདེའི་དཔེ་ཚོང་དང་མིང་རྟགས་འགོད་པ་སོགས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད། དམངས་ཡོངས་ཀྱི་དཔེ་ཀློག་སྤྲོ་སེམས་རབ་ཏུ་འཕེལ་བར་བྱས་པ་དང་“དཔེ་དེབ་ཀློག་པར་དགའ་བ་དང་། དཔེ་དེབ་ཡག་པོ་ཀློག་པ།  དཔེ་དེབ་ཀློག་མཁས་པ་”བཅས་ཀྱི་སྤྱི་ཚོགས་ཀྱི་དར་སྲོལ་བཟང་པོ་ཆགས་རྒྱུར་སྐུལ་མ་བཏང་ཡོད། བྱེད་སྒོ་གོ་སྒྲིག་བྱེད་མཁན་གྱིས་མ་འོངས་པར་སྤྱི་པའི་རིག་གནས་ཞབས་ཞུའི་ནུས་པ་མུ་མཐུད་འདོན་སྤེལ་གྱིས་རིག་གནས་སྤུས་རྟགས་ཀྱི་བྱེད་སྒོ་དེ་བས་མང་བ་སྤེལ་རྒྱུ་དང་། མི་རིགས་ཁག་གི་རིག་གནས་སྤེལ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་བཏང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་བྱེད་སྒོ་ནི་ལྷ་ས་གྲོང་ཁྱེར་གྱི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་རིག་གནས་བྱེད་སྒོ་རབ་དང་རིམ་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། གྲོང་མི་མང་པོ་དེའི་ནང་ཞུགས་རྒྱུར་ཡིད་དབང་བཀུག་པ་དང་། ས་གནས་ས་ཐོག་གི་རྣམ་པ་ནི་འཁྲུག་ཆ་དོད་ཅིང་ཤེས་དཔལ་གྱི་དྲི་བསུང་འཐུལ་བཞིན། དུས་ཆེན་གཉིས་བསུ་བའི་རིག་གནས་ཀྱི་ཉམས་སྣང་ཟབ་མོ་ཞིག་མངོན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

中央广播电视总台 央广网 版权所有

ཤེས་དཔལ་དྲི་བསུང་འཐུལ་བཞིན་གནམ་ལོ་གསར་ཚེས་བསུ།

ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ་དང་། མང་ཚོགས་ཀྱི་དུས་ཆེན་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་ཆེད།