རང་རྒྱལ་གྱི་དྲ་དམངས་གཞི་ཁྱོན་མི་དུང་ཕྱུར་11.25ཟིན་པ།
《ཀྲུང་གོའི་དྲ་སྦྲེལ་གོང་འཕེལ་གནས་ཚུལ་གྱི་བསྡོམས་རྩིས་སྙན་ཞུ་》ཐེངས་57པ་དེ་རིང་ཁྱབ་བསྒྲགས་བྱས་ཡོད། སྙན་ཞུའི་ནང་མངོན་པར། 2025ལོའི་ཟླ་12པའི་བར། རང་རྒྱལ་གྱི་དྲ་དམངས་གཞི་ཁྱོན་མི་དུང་ཕྱུར་11.25ཟིན་པ་དང་། དྲ་སྦྲེལ་ཁྱབ་གདལ་ཐུབ་ཚད་80%ལས་བརྒལ་ཞིང་། གྲངས་འཛིན་གོང་འཕེལ་གྲུབ་འབྲས་ཀྱིས་མི་ཚོགས་དེ་བས་མང་བར་ཕན་པ་བསྐྲུན་ཡོད། རང་རྒྱལ་གྱི་དྲ་སྦྲེལ་བྱ་གཞག་ལ་དབྱར་མཚོ་རྒྱས་པ་ལྟར་གྱི་གོང་འཕེལ་བྱུང་བ་དེས་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་མཇུག་བསྡུ་བར་རྒྱུགས་ལན་ཡག་པོ་ཞིག་ཕུལ་ཡོད་ལ། ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་བཀོད་སྒྲིག་ཐད་རྨང་གཞི་བརྟན་པོ་ཞིག་ཀྱང་བཏིངས་ཡོད།
སྙན་ཞུ་ལས་མངོན་པར། 2025ལོའི་ཟླ་12པའི་བར། གྲུབ་རྣམ་མི་ཐབས་རིག་ནུས་སྤྱོད་མཁན་གྱི་གཞི་ཁྱོན་མི་དུང་ཕྱུར་6.02ཟིན་པ་དང་། དེ་2024ལོའི་ལོ་མཇུག་དང་བསྡུར་ན་141.7%འཕར་ཡོད་ཅིང་། ཁྱབ་གདལ་ཐུབ་ཚད་42.8%ཟིན་པ་དེ་དུས་མཚུངས་པ་ལས་བརྒྱ་ཆའི་གནས་25.2མཐོ་རུ་ཕྱིན་ཡོད། གྲུབ་རྣམ་མི་ཐབས་རིག་ནུས་དེ་རྒྱུན་ལྡན་གྱི་འཚོ་བ་དང་ཐོན་སྐྱེད་ཁྱབ་ཁོངས་ནང་མགྱོགས་མྱུར་མཉམ་འདྲེས་ཐུབ་ནས། སྤྱི་ཚོགས་གྲངས་འཛིན་ཅན་དང་རིག་ནུས་ཅན་གྱི་ཕྱོགས་སུ་བརྗེ་སྒྱུར་བྱེད་པར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད།
རང་རྒྱལ་གྱི་དྲ་སྦྲེལ་ཁྱབ་གདལ་ཐུབ་ཚད་80%ལས་བརྒལ་བ་དང་། གྲོང་གསེབ་དང་རྒན་རྒོན་མི་ཚོགས་གྲངས་འཛིན་སྤྱི་ཚོགས་ནང་མགྱོགས་མྱུར་ཞུགས་བཞིན་ཡོད་ཅིང་། གྲངས་འཛིན་གྱི་བསྟུན་མཁས་རང་བཞིན་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། གྲངས་འཛིན་ལག་རྩལ་དེ་དངོས་ཚན་དཔལ་འབྱོར་དང་སྤྱི་པའི་ཞབས་ཞུའི་ཁྲོད་མཉམ་འདྲེས་གཏིང་ཟབ་ཐུབ་པ་དང་། སྲིད་དོན་དང་སྨན་བཅོས། སློབ་གསོ་སོགས་ཁྱབ་ཁོངས་སུ་གྲངས་འཛིན་ཅན་གྱི་བརྗེ་སྒྱུར་ལ་སྐུལ་འདེད་གཏོང་བཞིན་ཡོད། དྲ་ཐོག་སྲིད་དོན་ཞབས་ཞུ་སྤྱོད་མཁན་གྱི་གཞི་ཁྱོན་དུང་ཕྱུར་9.4ཟིན་པ་དང་། ལས་ཕྱོད་མཐོ་པོའི་སྒོ་ནས་དོན་དག་གཅིག་སྒྲུབ་ཐུབ་པ་དེ་རྒྱུན་རྣམ་དུ་གྱུར་ནས། དྲ་སྦྲེལ་གོང་འཕེལ་གྱིས་དམངས་ལ་ཞབས་ཞུ་སྒྲུབ་པ་དང་མི་སེམས་ལ་དྲོ་སྐྱིད་སྦྱིན་པའི་རིན་ཐང་གི་ཁྲིད་ཕྱོགས་མཚོན་ཡོད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
















