མེ་འཁོར་ནང་རྡོག་ཁྲེས་ག་ཚོད་འཁྱེར་ཆོག་གམ།
དཔྱིད་གསར་སྐྱེལ་འདྲེན་སྐབས་མེ་འཁོར་ནང་འགྲུལ་པ་མི་རེས་རྡོག་ཁྲེས་ག་ཚོད་འཁྱེར་ཆོག་གི་ཡོད་དམ། གཟབ་གཟབ་མ་བྱས་པའི་དབང་གིས་རྡོག་ཁྲེས་བོར་བརླག་སོང་ན་ཇི་ལྟར་བྱེད་དགོས་སམ།
འགྲུལ་པ་མི་རེས་རྡོག་ཁྲེས་ག་ཚོད་འཁྱེར་ཆོག་གི་ཡོད་དམ།
ལྕགས་ལམ་ཚན་པས་འགྲུལ་པ་མི་རེས་མེ་འཁོར་ནང་རྡོག་ཁྲེས་ག་ཚོད་འཁྱེར་ཆོག་མིན་ཐད་གཅིག་གྱུར་གྱི་ཚད་གཞི་ཡོད། གཏན་འབེབས་ལྟར་ན།
བྱིས་པ་འགྲུལ་པ་མི་རེས་སྤྱི་རྒྱ་10ཡི་རྡོག་ཁྲེས་འཁྱེར་ཆོག་པ་དང་། ཕྱི་འབྲེལ་མི་སྣ་མི་རེས་རྡོག་ཁྲེས་སྤྱི་རྒྱ་35འཁྱེར་ཆོག་པ། དེ་མིན་གྱི་འགྲུལ་པ་མི་རེས་སྤྱི་རྒྱ་20ཡི་རྡོག་ཁྲེས་འཁྱེར་ཆོག་གི་ཡོད།
རྒྱུན་གཏན་མྱུར་ཚད་ཀྱི་མེ་འཁོར་ནང་རྡོག་ཁྲེས་རྐྱང་པའི་ཞེང་ཚད་དང་དཔངས་ཚད་དེ་ལི་སྨི་160ལས་བརྒལ་མི་ཆོག་པ་དང་། མྱུར་བགྲོད་མེ་འཁོར་ནང་རྡོག་ཁྲེས་རྐྱང་པའི་ཞེང་ཚད་དང་དཔངས་ཚད་དེ་ལི་སྨི་130ལས་བརྒལ་ཆོག་གི་མེད།

གལ་སྲིད་རྡོག་ཁྲེས་ཚད་ལས་བརྒལ་ན། ཀྲུང་གོ་ལྕགས་ལམ་མྱུར་སྐྱེལ་ལས་སྒོའི་ས་ཚིགས་སུ་སོང་ནས་རྡོག་ཁྲེས་བསྐུར་སྐྱེལ་བྱས་ཆོག་པ་དང་། རམ་འདེགས་ཡོ་བྱད་ལ་བརྟེན་ནས་འགྲོ་སྐྱོད་བྱེད་དགོས་པའི་རྒན་རྒོན་དང་། བྱིས་པ། ནད་པ། དབང་པོ་སྐྱོན་ཅན་སོགས་དམིགས་བསལ་མི་ཚོགས་ཀྱི་རིགས་ཡིན་ཕྱིན་ལྟེབ་བརྩེགས་རྒྱག་པའི་འཁོར་སྟེགས་དང་། དེ་བཞིན་ཕྲུ་གུར་དམར་འབྱར་བླུགས་སའི་འཁོར་སྟེགས་རིན་མེད་ངང་མེ་འཁོར་ནང་འཁྱེར་ཆོག་གི་ཡོད་པ་རེད།

རྡོག་ཁྲེས་བསྐུར་བའི་ཞབས་ཞུ།
གལ་སྲིད། རླངས་འཁོར་ནང་རྡོག་ཁྲེས་འཁྱེར་ནས་མེ་འཁོར་འབབ་ཚིགས་སུ་འགྲོ་མི་འདོད་ན། དཔྱིད་གསར་སྐྱེལ་འདྲེན་རིང་ལྷན་རྒྱས་ནས་རྡོག་ཁྲེས་བསྐུར་བའི་ཞབས་ཞུ་གདམ་ག་གནང་ན་འགྲིག་གི་ཡོད། སྤྱི་ཟླ་1ཚེས་15ཉིན་ནས་བཟུང་། རྡོག་ཁྲེས་བསྐུར་བའི་ཞབས་ཞུའི་ནང་ཧར་པིང་དང་། ཤི་ཨན། ནན་ཁྲང་། ནན་ཉིང་། ཨུ་ལུམ་ཆི། ལྷ་ས་སོགས་གྲོང་ཁྱེར་གྱི་མེ་འཁོར་འབབ་ཚུགས་92གསར་སྣོན་བྱས་ཡོད།
ཀྲུང་གོ་ལྕགས་ལམ་མྱུར་སྐྱེལ་ཞབས་ཞུའི་ཅི་ནན་ཀུང་སིའི་སྤྱི་ཁྱབ་སྤྱི་གཉེར་གཞོན་པ། རེན་ཤི་ཧྭ་ཡིས། རྡོག་ཁྲེས་བསྐུར་བའི་ཞབས་ཞུ་ནི་ལྕགས་ལམ་ཚན་པས་འགྲུལ་པའི་ཕྱིར་སྐྱོད་དགོས་མཁོར་གཞིགས་ནས་བཏོན་པའི་རྡོག་ཁྲེས་དབོར་འདྲེན་གྱི་ཞབས་ཞུ་ཞིག་རེད། འགྲུལ་པས་12306APPམ་ལག་སྤྱད་དེ་རྡོག་ཁྲེས་བསྐུར་བའི་ཞབས་ཞུ་བདམས་ནས་རྡོག་ཁྲེས་བསྐུར་ཆོག་པ་དང་། རྡོག་ཁྲེས་ཀྱི་ཁ་གྲངས་བཞིན་རིན་པ་ལེན་གྱི་ཡོད་པ་དང་། རྡོག་ཁྲེས་མེ་འཁོར་འབབ་ཚིགས་ཀྱི་པ་སེ་བཤེར་ཡུལ་དུ་བསྐུར་བའམ་དེ་ནས་ལེན་པ་ཡིན་ན་རྡོག་ཁྲེས་སྣ་ཁ་རེར་སྒོར་68རེ་ལེན་གྱི་ཡོད་པ་དང་། ཡང་རྡོག་ཁྲེས་མི་འཁོར་གྱི་འཛེགས་སྟེགས་བར་དུ་བསྐུར་བའམ་དེ་ནས་ལེན་པ་ཡིན་ན་རྡོག་ཁྲེས་སྣ་ཁ་རེར་སྒོར་98ལེན་གྱི་ཡོད་ཅེས་བསྟན་འདུག

གལ་སྲིད། འགྲུལ་བཞུད་བྱེད་པའི་ནང་གཟབ་གཟབ་མ་བྱས་པའི་དབང་གིས་ཅ་དངོས་བོར་བརླག་སོང་ན། དངངས་འཚབ་གནང་མི་དགོས།
གལ་སྲིད། ཁྱེད་རང་མེ་འཁོར་རམ་མེ་འཁོར་འབབ་ཚིགས་ནས་ཁ་བྲལ་མེད་ན། འཕྲལ་དུ་ལྕགས་ལམ་ལས་དོན་མི་སྣར་རོགས་སྐྱོབ་རེ་ཞུ་ཞུས་ཏེ། པར་མིག་ལ་བལྟ་བ་དང་། ཡུལ་དངོས་སུ་འཚོལ་བ་སོགས་གནང་ན་འགྲིག
གལ་སྲིད། ཁྱེད་རང་མེ་འཁོར་འབབ་ཚིགས་ནས་ཁ་བྲལ་ཟིན་ན། 12306Appཁ་ཕྱེ་ནས་བོར་དངོས་འཚོལ་བཤེར་ཞེས་པ་མནན་ཏེ་ཁྱེད་རང་གི་ཆ་འཕྲིན་དང་བོར་བརླག་ཏུ་སོང་བའི་ཅ་དངོས་གང་ཡིན་པ་སོགས་གསལ་པོ་འབྲི་དགོས། དེ་ལྟར་གནང་ན་ལྕགས་ལམ་གྱི་འབྲེལ་ཡོད་ཚན་པས་ཁྱེད་རང་ལ་བོར་དངོས་འཚོལ་རོགས་གནང་གི་རེད།
གཞན་ཡང་། ཁ་པར་ཨང་གྲངས་12306བརྒྱབ་ནས་གནས་ཚུལ་གསལ་ཞུ་བྱས་ན། ལྕགས་ལམ་ཚན་པ་ནས་འགྲུལ་པས་མཁོ་འདོན་བྱས་པའི་མེ་འཁོར་གྱི་ཐེངས་གྲངས་དང་། བོར་དངོས་ཀྱི་ཁྱད་ཆོས་སོགས་ཀྱི་ཆ་འཕྲིན་ལ་གཞིགས་ནས་འཚོལ་རོགས་བྱེད་སྲིད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག བསྟན་འཛིན།
ཡིག་སྒྱུར། བྱམས་པ་ཚེ་རིང་།
















