ཕུའུ་ཅིང་དང་ཐེ་རོན་ཕུ་གཉིས་ཀྱིས་འདི་དག་གླེང་འདུག
ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་ཟླ་3ཚེས་18ཉིན་ཁ་པར་བརྒྱབ་སྟེ། ཨུ་རུ་སུ་དང་ཨ་རིའི་འབྲེལ་བ་རྒྱུན་ལྡན་ཅན་དུ་བསྒྱུར་རྒྱུ་དང་ཡུག་རེན་གྱི་དུས་བབ་སོགས་ཀྱི་གནད་དོན་གཙོར་བཟུང་ནས་གྲོས་བསྡུར་བྱས་པ་རེད། ཐེངས་འདིའི་ཁ་པར་གླེང་མོལ་ནི་ཐེ་རོན་ཕུས་འགན་བཞེས་དམ་བཅའ་བཞག་ཚུན་ཕྱོགས་གཉིས་པོས་ཐད་ཀར་སྐད་ཆ་ཤོད་རེས་བྱས་ཐེངས་གཉིས་པ་ཡིན་པ་དང་། ཨུ་རུ་སུ་དང་ཡུག་རེན་གྱི་གདོང་ཐུག་ལ་ཚད་བརྒལ་རང་བཞིན་གྱི་འཕེལ་རིམ་ཐོན་མིན་གྱི་འགག་རྩའི་མཚམས་ཚིགས་ཤིག་ཏུ་བརྩི་བཞིན་ཡོད།
ཨུ་རུ་སུས་ཕྱོགས་གཉིས་པོས་ཡུག་རེན་གྱི་དུས་བབ་ཐད་ལྷག་བསམ་ཟོལ་མེད་ངང་སྤེལ་རེས་བྱས་ཡོད་ཅེས་བརྗོད་པ།
ཕུའུ་ཅིང་གིས་ཐེ་རོན་ཕུས་ཉིན་30ཡི་རིང་དམག་མཚམས་འཇོག་རྒྱུའི་གྲོས་འགོ་བཏོན་པའི་ཐད་ཆ་རྐྱེན་བཏོན་པ།
ས་གནས་དེ་གའི་དུས་ཚོད་ཚེས་18ཉིན། ཨུ་རུ་སུའི་ཁེ་ལི་མུའུ་ལིན་ཕོ་བྲང་གི་དྲ་ཚིགས་ཐོག་བརྡ་ཁྱབ་སྤེལ་ཏེ། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པས་ཡུག་རེན་གྱི་དུས་བབ་ལ་དམིགས་ནས་མུ་མཐུད་ཞིབ་ཅིང་ཕྲ་ལ་ལྷག་བསམ་ཟོལ་མེད་ཀྱི་བསམ་འཆར་སྤེལ་རེས་བྱས་ཡོད་ཅེས་བརྗོད་ཡོད།
1.ཨུ་རུ་སུ་དང་ཡུག་རེན་གྱིས་ཕན་ཚུན་འཛིན་བཟུང་བྱས་པའི་མི་སྣ་175བརྗེ་རེས་བྱ་རྒྱུ་ཡིན་པ།
ཕུའུ་ཅིང་གིས་ཐེ་རོན་ཕུ་ལ་ཚེས་19ཉིན་ཨུ་རུ་སུ་དང་ཡུག་རེན་ཕྱོགས་གཉིས་པོས་ཕན་ཚུན་འཛིན་བཟུང་བྱས་པའི་མི་སྣ་175བརྗེ་རེས་བྱ་རྒྱུ་ཡིན་ཞེས་བརྡ་ཁྱབ་བཏང་ཡོད།
ཕུའུ་ཅིང་གིས། ཨུ་རུ་སུ་ཕྱོགས་ཀྱིས་ཞི་བདེའི་བྱ་ཐབས་ཐོག་ནས་གདོང་ཐུག་ཐག་གཅོད་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། ཨུ་རུ་སུ་ཕྱོགས་ཀྱིས་ཨ་རི་ཕྱོགས་ཀྱི་རོགས་ཟླ་དང་མཉམ་དུ་ལག་བསྟར་བྱེད་ཆོག་པའི་འདུམ་འགྲིག་ཇུས་གཞི་བཟོ་འདོད་ཡོད་ལ། ཇུས་གཞི་དེར་ཕྱོགས་བསྡུས་དང་བརྟན་ལྷིང་། ཡུན་རིང་སོགས་ཀྱི་ངོ་བོ་ལྡན་དགོས་པ་དང་ཆབས་ཅིག ངེས་པར་དུ་ཉམས་ཉེན་གྱི་རྩ་བའི་རྒྱུ་རྐྱེན་མེད་པ་བཟོ་བའི་དགོས་ངེས་རང་བཞིན་དང་དེ་བཞིན་བདེ་འཇགས་ཁྱབ་ཁོངས་ནང་གི་ཨུ་རུ་སུའི་ཁྲིམས་མཐུན་ཁེ་ཕན་ལ་བསམ་གཞིག་བྱེད་དགོས་ཞེས་བཤད་ཡོད།
2.ཨུ་རུ་སུ་ཕྱོགས་ཀྱིས་ཨུ་རུ་སུ་དང་ཡུག་རེན་གྱིས་ཉིན་30ཡི་ནང་ཕ་རོལ་པོའི་ནུས་རྒྱུའི་རྨང་གཞིའི་སྒྲིག་བཀོད་ལ་ཕར་རྒོལ་མི་བྱེད་པའི་གྲོས་འགོ་བཏོན་པར་རྒྱབ་སྐྱོར་བྱས་པ།
གྲོས་མོལ་བྱེད་རིང་། ཐེ་རོན་ཕུས་ཨུ་རུ་སུ་དང་ཡུག་རེན་ཕྱོགས་གཉིས་པོས་ཉིན་30ཡི་ནང་ཕན་ཚུན་དབར་ནུས་རྒྱུའི་རྨང་གཞིའི་སྒྲིག་བཀོད་ཀྱི་དམིགས་འབེན་ལ་ཕར་རྒོལ་མི་བྱེད་པའི་ཁས་ལེན་བྱ་རྒྱུའི་གྲོས་འགོ་བཏོན་ཡོད། ཕུའུ་ཅིང་གིས་གྲོས་འགོ་དེར་ལན་ཆ་ཧུར་ཐག་བྱས་པ་མ་ཟད། འཕྲལ་མར་ཨུ་རུ་སུའི་དམག་དཔུང་ལ་འབྲེལ་ཡོད་བཀའ་རྒྱ་བསྒྲགས་ཡོད།
3.ཨུ་རུ་སུའི་ཕྱོགས་ཀྱིས་ཨུ་ཡུག་གནད་དོན་ཐག་གཅོད་བྱེད་པའི་འགག་རྩའི་སྔོན་འགྲོའི་ཆ་རྐྱེན་ནི་ཡུག་རེན་ལ་དམག་དོན་རོགས་སྐྱོར་བྱེད་མཚམས་འཇོག་རྒྱུ་དེ་ཡིན་ཞེས་ནན་བཤད་བྱས་པ།
ཁ་པར་གཏོང་སྐབས། ཨ་རི་ཕྱོགས་ཀྱིས་བཏོན་པའི་ཉིན་30ཡི་རིང་དམག་མཚམས་འཇོག་རྒྱུའི་གྲོས་འགོར་དམིགས་ཏེ། ཨུ་རུ་སུས་འགག་རྩའི་ཆ་རྐྱེན་འགའ་ནན་བཤད་བྱས་པ་སྟེ། གཡུལ་ས་ཡོངས་སུ་དམག་མཚམས་འཇོག་རྒྱུར་ལྟ་སྐུལ་ནུས་ལྡན་བྱེད་དགོས་པ་དང་། ཡུག་རེན་མངའ་ཁོངས་སུ་བཙན་ཐབས་དམག་སྐུལ་དང་དྲག་ཆས་དཔུང་སྡེར་སླར་ཡང་དྲག་ཆས་སྤྲས་རྒྱུ་ངེས་པར་དུ་མཚམས་འཇོག་བྱེད་དགོས་པ་དེ་རེད། ཨུ་རུ་སུ་ཕྱོགས་ཀྱིས་དུས་མཚུངས་སུ། ཡུག་རེན་གྱི་སྲིད་དབང་ལ་ཁ་དན་ཚིག་ལ་མི་གནས་པའི་ཉེན་ཁ་ཆེན་པོ་ཡོད། སྲིད་དབང་དེས་སྔར་ཡོད་ཀྱི་གྲོས་མཐུན་ལ་གཏོར་བཤིག་ཐེངས་མང་བཏང་ཡོད་ཅེས་བསྟན་པ་མ་ཟད། ཡུག་རེན་གྱི་དྲག་ཆས་མི་སྣས་ཁུར་སི་ཁེ་མངའ་སྡེ་རུ་མང་ཚོགས་དཀྱུས་མར་དམིགས་ནས་སྤེལ་བའི་གདུག་རྩུབ་ཆེ་བའི་འཇིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད་ལ་ལྷག་པར་དུ་དོ་ཁུར་བྱ་རྒྱུའི་རེ་འདུན་ཞུས་ཡོད།
ཨུ་རུ་སུ་ཕྱོགས་ཀྱིས། གདོང་ཐུག་ཛ་དྲག་ཏུ་འགྲོ་རྒྱུ་སྔོན་འགོག་དང་ཆབ་སྲིད་དང་ཕྱི་འབྲེལ་གྱི་སྒོ་ནས་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་བའི་འགག་རྩའི་སྔོན་འགྲོའི་ཆ་རྐྱེན་ནི་ཡུག་རེན་ཕྱོགས་ལ་ཕྱི་རྒྱལ་གྱི་དམག་དོན་རོགས་སྐྱོར་དང་གསང་འཕྲིན་རྒྱབ་སྐྱོར་བྱ་རྒྱུ་རྦད་དེ་མཚམས་འཇོག་བྱ་རྒྱུ་དེ་ཡིན་ཞེས་ནན་བཤད་བྱས་ཡོད།
4.ཨུ་རུ་སུའི་ཕྱོགས་ཀྱིས་ཡུག་རེན་དམག་གིས་མགོ་བཏགས་ཞུས་ན། མི་ཆོས་རིང་ལུགས་ཀྱི་ཐོབ་ཐང་སྤྲོད་རྒྱུ་ཡིན་ཞེས་བཤད་པ།
ཐེ་རོན་ཕུས་ཉེ་ཆར“ཁུར་སི་ཁེ་མངའ་སྡེར་ཨུ་རུ་སུའི་དམག་གིས་མཐའ་སྐོར་བའི་ཡུག་རེན་གྱི་དམག་མིར་སྲོག་ཉེན་མེད་པ་བྱ་རྒྱུའི”རེ་འབོད་བྱས་པའི་རྣམ་འགྱུར་ཐད། ཕུའུ་ཅིང་གིས། ཨུ་རུ་སུས་མི་ཆོས་རིང་ལུགས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱ་འདོད་ཡོད། གལ་སྲིད་ཡུག་རེན་དམག་གིས་མགོ་བཏགས་ཞུས་ཚེ། ཨུ་རུ་སུའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་ཚད་གཞི་གཞིར་བཟུང་དམག་མི་དེ་དག་གི་ཚེ་སྲོག་དབང་ཆར་འགན་སྲུང་བྱ་རྒྱུ་དང་འབྲེལ་མི་ཆོས་ཀྱི་ཐོབ་ཐང་སྤྲོད་རྒྱུའི་ཁས་ལེན་བྱ་རྒྱུ་ཡིན་ཞེས་བཤད་ཡོད།
5.ཨུ་རུ་སུའི་ཕྱོགས་ཀྱིས་རྒྱ་མཚོ་ནག་པོའི་མཚོ་ཐོག་སྐྱེལ་འདྲེན་གྱི་བདེ་འཇགས་གྲོས་འགོའི་ཐད་གྲོས་མོལ་བྱེད་འགོ་འཛུགས་རྒྱུར་མོས་མཐུན་བྱས་པ།
ཕུའུ་ཅིང་གིས་ཐེ་རོན་ཕུས་བཏོན་པའི་རྒྱ་མཚོ་ནག་པོའི་མཚོ་ཐོག་སྐྱེལ་འདྲེན་བདེ་འཇགས་སྐོར་གྱི་གྲོས་འགོར་དགེ་མཚན་ལྡན་པའི་ལན་ཆ་བྱས་ཡོད། ཕྱོགས་གཉིས་པོས་དེའི་ཐད་གྲོས་མོལ་བྱེད་འགོ་བཙུགས་ནས་གྲོས་འགོའི་ཞིབ་ཕྲའི་གནས་ཚུལ་གསལ་པོ་བཟོ་རྒྱུའི་མོས་མཐུན་བྱས་ཡོད།
6.ཨུ་རུ་སུ་དང་ཨ་རིས་ཕྱོགས་གཉིས་མཉམ་ལས་དང་གོ་ལ་ཧྲིལ་པོའི་བདེ་འཇགས་རོགས་ལས་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་པ།
ཁ་པར་ནང་ཕྱོགས་གཉིས་པོས་ཨུ་རུ་སུ་དང་ཨ་རིས་འཛམ་གླིང་གི་བདེ་འཇགས་དང་བརྟན་ལྷིང་ལ་དམིགས་བསལ་གྱི་འགན་འཁྲི་འཁུར་བའི་རྒྱབ་ལྗོངས་འོག་ཕྱོགས་གཉིས་པོའི་འབྲེལ་བ་རྒྱུན་ལྡན་ཅན་དུ་འགྱུར་བ་བྱ་རྒྱུའི་ཐུན་མོང་གི་འདོད་འདུན་མཚོན་ཡོད་པ་དང་། ཕྱོགས་གཉིས་པོས་འབྱུང་འགྱུར་གྱི་དཔལ་འབྱོར་དང་ནུས་རྒྱུའི་ཁྱབ་ཁོངས་ཀྱི་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་དམིགས་ཡུལ་དུ་བཟུང་བའི་བསམ་ཚུལ་རབ་དང་རིམ་པར་གྲོས་བསྡུར་བྱས་ཡོད།
ཐེ་རོན་ཕུས་ཕུའུ་ཅིང་གིས་བཏོན་པའི་ཨ་རི་དང་ཨུ་རུ་སུར་NHLདང་KHLཡི་སྤོ་ལོ་རྒྱག་མཁན་གྱིས་གྲུབ་པའི་ཨུ་རུ་སུ་དང་ཨ་རིའི་འཁྱགས་གྲུག་འགྲན་བསྡུར་གཉེར་རྒྱུའི་གྲོས་འགོར་རྒྱབ་སྐྱོར་བྱས་ཡོད།
ཕུའུ་ཅིང་དང་ཐེ་རོན་ཕུས་ད་དུང་དབུས་ཤར་ས་ཁུལ་དང་རྒྱ་མཚོ་དམར་པོའི་ས་ཁུལ་གྱི་དུས་བབ་ཚུད་པའི་རྒྱལ་སྤྱིའི་གྲོས་གཞི་གཞན་དག་ལ་གྲོས་བསྡུར་བྱས་ཡོད། ཕྱོགས་གཉིས་པོས་ཉམས་ཉེན་ཐོན་སའི་ས་ཁུལ་གྱི་དུས་བབ་བརྟན་ལྷིང་ཡོང་བ་བྱ་རྒྱུར་ཐུན་མོང་ཐོག་འབད་བརྩོན་བྱ་རྒྱུ་དང་། ཉིང་རྡུལ་རྒྱ་མི་སྐྱེད་པ་དང་གོ་ལ་ཧྲིལ་པོའི་བདེ་འཇགས་གནད་དོན་ཐད་ཀྱི་རོགས་ལས་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་པ་རེད།
རྒྱལ་ཁབ་གཉིས་པོའི་ཙུང་ཐུང་ནས་གྲོས་བསྡུར་བྱས་པའི་གྲོས་གཞི་ཚང་མའི་ཐད་འབྲེལ་གཏུག་རྒྱུན་འཁྱོངས་བྱ་རྒྱུའི་མོས་མཐུན་བྱས་ཡོད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།