དཔལ་འབྱོར་འཁོར་སྐྱོད་འགོ་བརྟན་པོ་ཚུཊ་པ་དང་འཕེལ་རྒྱས་རྣམ་པ་བཟང་།
རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་སྤྱི་ཚེས་17ཉིན་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་རྒྱལ་ཁབ་སྡོམ་རྩིས་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་འདི་ལོའི་སྤྱི་ཟླ་དང་པོ་ནས་གཉིས་པ་བར་གྱི་དཔལ་འབྱོར་གྲངས་གཞི་ལས་མངོན་པར་གཞིགས་ན། རང་རྒྱལ་གྱི་དཔལ་འབྱོར་འཁོར་སྐྱོད་ཀྱི་འགོ་བརྟན་པོ་ཚུགས་ཡོད་པ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་ལ་ཡག་པོ་ཡོད་པ་རེད།
དམིགས་ཚད་མང་པོ་ཞིག་གི་འཕར་ཚད་མགྱོགས་སུ་ཕྱིན་པ་ནི་སྤྱི་ཟླ་དང་པོ་ནས་གཉིས་པ་བར་གྱི་དཔལ་འབྱོར་འཁོར་སྐྱོད་ཀྱི་མངོན་གསལ་དོད་པའི་ཁྱད་ཆོས་ཤིག་ཡིན་པ་རེད། བཟོ་ལས་ཀྱི་རིན་ཐང་འཕར་མ་དང་། ཞབས་ཞུའི་ལས་རིགས་ཀྱི་ཐོན་སྐྱེད་སྟོན་གྲངས། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་པོའི་སིལ་ཚོང་སྤྱི་འབོར། གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་བཅས་ཁག་སོ་སོར་དུས་མཚུངས་པ་ལས་5.9%དང་། 5.6% 4% 4.1%བཅས་འཕར་བ་དང་། ལོ་གོང་མ་ཧྲིལ་པོ་ལས་ཁག་སོ་སོར་འཕར་སྣོན་འགྲོ་ཚད་བརྒྱ་ཆའི་གྲངས་0.1དང་། 0.4 0.5 0.9བཅས་མགྱོགས་སུ་ཕྱིན་ནས་དཔལ་འབྱོར་འཁོར་སྐྱོད་ཀྱི་འགོ་བརྟན་པོ་ཚུགས་ཡོད་པ་རེད།
དམིགས་ཚད་གཙོ་བོའི་འཕར་ཚད་བརྟན་པོ་བྱུང་བ་དང་ཆབས་ཅིག་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་གསར་ལ་ཡག་པོ་ཡོད།
ཐོན་སྐྱེད་ནུས་ཤུགས་གསར་པའི་ཐོག་ནས་བལྟས་ན། སྒུལ་ཤུགས་གསར་པ་མགྱོགས་མྱུར་འཚར་ལོངས་བྱུང་ཡོད། སྤྱི་ཟླ་དང་པོ་ནས་གཉིས་པ་བར་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་རིན་ཐང་འཕར་མ་དུས་མཚུངས་ལས་9.1%འཕར་བ་དེ་བཟོ་སྐྲུན་ལས་རིགས་ལས་བརྒྱ་ཆའི་གྲངས་2.2མཐོ་བ་ཡོད་པ་རེད། བཟོ་ལས་འཕྲུལ་མི་དང་། འདུས་གྲུབ་གློག་ལམ་སྒོར་ལེབ་སོགས་ལག་རྩལ་མཐོ་བའི་ཐོན་རྫས་ཐོན་ཚད་ཆེས་ཆེར་འཕར་བ་དང་། གློག་རྡུལ་དང་རླངས་འཁོར་སོགས་གཙོ་གནད་བཟོ་ལས་ཁྱབ་ཁོངས་སུ་རང་རྒྱལ་ནས་ཐོན་པའི་མིས་བཟོས་རིག་ནུས་ཀུན་སྤྱོད་དཔེ་དབྱིབས་ཆེ་གྲས་གཞི་ཁྱོན་ཆེན་པོས་བཀོལ་སྤྱོད་བྱེད་མགྱོགས་སུ་ཕྱིན་ཡོད། དེ་དང་ཆབས་ཅིག་ལྗང་མདོག་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་སྟེ། འདི་ལོའི་སྤྱི་ཟླ་དང་པོ་དང་གཉིས་པར་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་ཚད་དུས་མཚུངས་པ་ལས་47.7%འཕར་ནས་མུ་མཐུད་འཕར་ཚད་ཅུང་མཐོ་བ་རྒྱུན་འཁྱོངས་བྱས་ཡོད།
སྲིད་ཇུས་ཀྱི་ཕན་འབྲས་ལ་བལྟས་ན། ལོ་འདི་ཤར་ཚུན་དུ་གཙོ་གནད་གཉིས་དང་གསར་པ་གཉིས་སོགས་ཀྱི་སྲིད་ཇུས་ཀྱིས་ཐོན་སྐྱེད་ཀྱི་དགོས་མཁོ་སྐུལ་ཁྲིད་བྱེད་པའི་ནུས་པ་མུ་མཐུད་ཐོན་ཡོད། སྤྱི་ཟླ་དང་པོ་ནས་གཉིས་པ་བར་སྒྲིག་ཆས་གསར་སྒྱུར་བསྒྱུར་བཀོད་དང་འབྲེལ་བ་ཡོད་པའི་མ་འཇོག་དུས་མཚུངས་ལས་18%འཕར་བ་དང་འཕར་སྣོན་མྱུར་ཚད་ལོ་གོང་མ་ཧྲིལ་པོ་ལས་བརྒྱ་ཆའི་གྲངས་2.3མགྱོགས་སུ་ཕྱིན་ནས་མ་འཇོག་ཁྱོན་ཡོངས་ཀྱི་འཕར་སྣོན་ལ་ལེགས་སྐྱེས་ཕུལ་ཚད་62.3%ཟིན་ཡོད། ས་རྡོ་སྔོག་འདོན་སྐྱེལ་འདྲེན་འཕྲུལ་ཆས་དང་། ཁྱིམ་སྤྱོད་འཁྱག་སྒམ།ཁྱིམ་ཆས་ཀྱི་རིགས་སོགས་ཚོང་ཟོག་གི་སིལ་ཚོང་རིན་ཐང་གྲངས་གནས་གཉིས་ཀྱི་འཕར་ཚད་རྒྱུན་འཁྱོངས་ཐུབ་ཡོད།
འདི་ལོའི་སྤྱི་ཟླ་དང་པོ་ནས་གཉིས་པའི་བར། ས་ཁང་ཐོན་ལས་ཁྲོམ་ར་མུ་མཐུད་བརྟན་པོ་ཡོང་བའི་རྣམ་པ་མངོན་པ་དང་། ཧྲང་ཧའེ་འཛིན་ཤོག་ཉོ་ཚོང་ཁྲོམ་ར་དང་ཧྲེན་ཀྲེན་འཛིན་ཤོག་ཉོ་ཚོང་ཁྲོམ་རའི་ཚོང་འགྲིག་གྲངས་འབོར་དང་ཚོང་འགྲིག་དངུལ་གྲངས་མུ་མཐུད་ཅུང་མགྱོགས་པའི་འཕར་སྣོན་རྒྱུན་འཁྱོངས་ཐུབ་ནས་གཉེར་སྐྱོང་གཙོ་གཟུགས་ཀྱི་སྔོན་དཔག་མུ་མཐུད་ལེགས་སུ་ཕྱིན་ཡོད་པ་རེད།
རྒྱལ་ཁབ་སྡོམ་རྩིས་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་མི་སྣས། སྤྱི་ཁོག་སྲིད་ཇུས་མང་པོའི་ནུས་པ་མུ་མཐུད་ཐོན་པ་དང་བསྟུན་ནས་དུས་ཚིགས་དང་པོར་རྒྱལ་དམངས་དཔལ་འབྱོར་སྤྱིར་བརྟན་པོ་དང་། བརྟན་པོའི་ཁྲོད་འཕེལ་རྒྱས་འགྲོ་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་བཟོ་ཡོད་ཅེས་བརྗོད་འདུག
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།