“ལྷ་སའི་གློ་བར”བདེ་ཐང་བརྟག་དཔྱད་བྱེད་འགོ་ཚུགས་འདུག
སྐྱེ་དངོས་སྣེ་མང་རིན་ཆེན་ནོར་བུ་འདི། སྐལ་ལྡན་འགྲོ་བའི་གཅེས་ནོར་ཚེ་སྲོག་ཡིན། བོད་ལྗོངས་ལྷ་སའི་ལྷ་ཀླུ་འདམ་ར་ནི་འཛམ་གླིང་ཐོག་ས་བབ་མཐོ་ཤོས་དང་གྲོང་ཁྱེར་ཁུལ་དུ་གནས་པའི་རྒྱ་ཁྱོན་ཆེ་ཤོས་ཀྱི་རང་བྱུང་འདམ་ར་ཞིག་ཡིན། སྤྱི་ཚེས་26ཉིན་དུས་ཡུན་ཟླ་ཕྱེད་ཀྱི་སྣོད་བཅུད་བདེ་ཐང་གི་ཕྱོགས་བསྡུས་བརྟག་དཔྱད་ཐེངས་དང་པོ་དེ་བྱེད་འགོ་ཚུགས་འདུག
གསར་འགོད་པས་ས་གནས་ས་ཐོག་ནས་མཐོང་བར། ཚན་ཞིབ་མི་སྣས་ཆུ་དཔེ་བསྡུ་རུབ་བྱས་ཏེ་འདམ་རའི་ཆུའི་སྤུས་ཚད་དང་སྐྱེ་དངོས་ཕྲ་རབ་ཀྱི་གནས་ཚུལ་ལ་ཚོད་ལྟ་བྱེད་བཞིན་ཡོད་པ་རེད། འདམ་རའི་དཀྱིལ་ཁུལ་གྱི་ཆུ་དཔེ་ལེན་ཆེད་སྒྲིག་ཆས་གསར་པ་བཀོལ་སྤྱོད་བྱེད་བཞིན་པ་སྟེ། རང་འགུལ་ངང་ཆུ་དཔེ་ལེན་ཐུབ་པའི་མི་མེད་གནམ་གྲུ་ཆེ་གྲས་སོགས་བེད་སྤྱོད་བྱེད་བཞིན་ཡོད་པ་རེད།
བོད་ལྗོངས་སློབ་ཆེན་སྣོད་བཅུད་ཁོར་ཡུག་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཀྲང་ཅིས་ཧྥུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཆུ་དཔེ་ལས་འཚོ་བཅུད་ཚྭའི་གྲུབ་ཆ་དང་། ཆུའི་སྤུས་ཚད་ཆ་རྐྱེན། དེ་བཞིན་ཁོར་ཡུག་གི་DNAབཅས་ལ་ཞིབ་བཤེར་ཚད་ལེན་བྱ་རྒྱུ་ཡིན་པའི་ནང་འདམ་རྫབ་ཀྱི་རིགས་དང་འཕྱོ་གཡེང་སྲོག་ཆགས་སོགས་ཚུད་ཡོད་པ་རེད།
ལྷ་ཀླུ་འདམ་རའི་ཆུ་སྤུས་ཀྱི་བར་མཐོངས་ཁྱབ་ཚུལ་ལ་བརྟག་དཔྱད་བྱ་ཆེད། ཚན་ཞིབ་མི་སྣས་རང་འགུལ་གྱི་ཆུ་སྤུས་ཞིབ་བཤེར་ཚད་ལེན་བྱེད་པའི་མི་མེད་གྲུ་གཟིངས་ཀྱང་བེད་སྤྱོད་བྱས་ཡོད་ཅིང་། མི་མེད་གྲུ་གཟིངས་ཀྱི་གཤམ་འོག་ཏུ་ཆུའི་སྤུས་ཚད་དཔྱད་གྲངས་མང་བའི་ཡོ་བྱད་སྒྲིག་སྦྱོར་བྱས་པ་དང་ནང་ངོས་སུ་རྫས་འགྱུར་དབྱེ་ཞིབ་ཡོ་བྱད་གཉིས་ཡོད་པས་ཏན་རྒྱུ་དང་ལིན་རྒྱུ་སོགས་ཞིབ་དཔྱད་ཚད་ལེན་གྱི་དམིགས་ཚད་བཅུ་ལྷག་ཙམ་ལ་དབྱེ་ཞིབ་བྱས་ནས་དབྱེ་འབྱེད་བྱེད་ཚད་མཐོ་བའི་ཆུའི་སྤུས་ཚད་ཞིབ་དཔྱད་ཚད་ལེན་མངོན་འགྱུར་ཐུབ་ཀྱི་ཡོད་པ་རེད།
ལྷ་ཀླུ་འདམ་རའི་རྒྱལ་ཁབ་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུད་ཀྱི་ཅུད་ཀྲང་ལྷ་མོ་ཚེ་རིང་གིས། ད་ཐེངས་ཀྱི་བརྟག་དཔྱད་དེ་འདམ་རའི་ལྟེ་བའི་ཁུལ་དུ་གཏིང་ཟབ་སྤེལ་ནས་འདམ་རའི་སྣོད་བཅུད་དང་། བདེ་ཐང་སོགས་ཀྱི་འབྲེལ་ཡོད་གནས་ཚུལ་ཁྱོན་ཡོངས་ནས་ཤེས་རྟོགས་ཐུབ་པ་བྱ་རྒྱུ་དང་། ཤེས་རྟོགས་བྱུང་བའི་གྲངས་གཞི་དག་སླད་ལྷ་ཀླུ་འདམ་རའི་སྲུང་སྐྱོང་དང་ཉམས་གསོའི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བརྗོད་པ་རེད།