བོད་ལྗོངས་མཛེས་རྩལ་ཁང་ལ་རྒྱལ་སྤྱིའི་བྱ་དགའ་ཆེན་པོ་ཐོབ།
2024ལོའི་འཛམ་གླིང་གྲུབ་གཞིའི་བྱ་དགའ་ཆེན་པོ(Structural Awards)ཉེ་ཆར་ལོན་ཏོན་དུ་ཡོངས་བསྒྲགས་བྱས་ཤིང་། བོད་ལྗོངས་མཛེས་རྩལ་ཁང་ལ་ལོ་འཁོར་འདིའི་གཟི་བརྗིད་མཚན་སྙན་མཐོ་ཤོས་ཏེ། 2024ལོའི་གྲུབ་གཞིའི་བཟོ་སྐྲུན་ཁྱད་འཕགས་བྱ་དགའ་ཐོབ་ཡོད། འདི་ནི་བྱ་དགའ་འདི་ཐོབ་པའི་བོད་ལྗོངས་ཀྱི་བཟོ་སྐྲུན་གལ་ཆེན་ཐོག་མ་དེ་ཡིན།
འཛམ་གླིང་གྲུབ་གཞིའི་བྱ་དགའ་ཆེན་པོ་ནི་1968ལོ་ནས་བཟུང་དབྱིན་ཇིའི་གོང་མ་ཚང་གི་གྲུབ་གཞིའི་བཟོ་སྐྲུན་ཆེན་མོ་བའི་སློབ་ཚོགས་ཀྱིས་སྤྲོད་འགོ་བཙུགས་པ་ཞིག་ཡིན་པ་དང་། དེའི་དམིགས་ཡུལ་ནི་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་ནང་གསར་གཏོད་འདུ་ཤེས་དང་མཛེས་ཉམས། རྒྱུན་མཐུད་རུང་བ། རིན་ཐང་ལྡན་པ་བཅས་མཉམ་འཛོམས་ཀྱི་ཁྱད་དུ་འཕགས་པའི་རྨང་གཞིའི་སྒྲིག་བཀོད་དང་དེ་བཞིན་བཟོ་སྐྲུན་རྣམ་གྲངས་ཀྱི་གྲུབ་གཞིའི་ཇུས་འགོད་ལ་གཟེངས་བསྟོད་བྱ་རྒྱུ་དེ་ཡིན་ཞིང་། དེར་གྲུབ་གཞིའི་བཟོ་སྐྲུན་ལས་རིགས་ཀྱི“ཨའོ་སི་ཁ”ཞེས་པའི་མཚན་སྙན་ཡོད་པ་དང་། ལོ་རྒྱུས་ཐོག་བྱ་དགའ་འདི་ཐོབ་པའི་རྣམ་གྲངས་ནང་ཞི་ཉི་ཟློས་གར་ཁང་སོགས་མཚོན་བྱེད་རང་བཞིན་གྱི་བཟོ་སྐྲུན་ཡོད།
བོད་ལྗོངས་མཛེས་རྩལ་ཁང་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སུ་གནས་པ་དང་། སྤྱིའི་ས་ངོས་རྒྱ་ཁྱོན་ལ་སྨི་ངོས་སྙོམས་གྲུ་བཞི་མ་ཁྲི་4.7ཙམ་དང་སྤྱིའི་བཟོ་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་ངོས་སྙོམས་གྲུ་བཞི་མ་ཁྲི་3.2ཙམ་ཟིན་གྱི་ཡོད། ཐུང་ཅི་བཟོ་སྐྲུན་ཇུས་འགོད་ཚད་ཡོད་ཀུང་སིས་ཇུས་འགོད་བྱས་པ་དང་། ཇུས་འགོད་འདུ་ཤེས་ནི“ཧི་མ་ལ་ཡའི་ལྡེ་མིག”ཅེས་པ་དེ་ཡིན་ཏེ། དེ་ཉིད་བོད་ལྗོངས་དང་དེ་བཞིན་ཧི་མ་ལ་ཡའི་རིག་གནས་ངོམས་སའི་སྐར་ཁུང་གལ་ཆེན་ཞིག་ཏུ་འགྱུར་རྒྱུ་ཡིན་པ་མཚོན་ཡོད། ཇུས་འགོད་ཚོགས་པས་དེ་སྔའི་ཨར་འདམ་བཟོ་གྲྭའི་སྔར་ཡོད་བཟོ་སྐྲུན་སོར་འཇོག་གང་ཐུབ་བྱས་པའི་རྨང་གཞིའི་ཐོག་ལུགས་མཐུན་གྱི་འཆར་འགོད་བཀོད་སྒྲིག་བྱས་ཤིང་། མཛེས་རྩལ་ཁང་ཆེ་གྲས་ཀྱི་བྱེད་ནུས་སྣ་མང་གི་རེ་བ་སྐོང་བ་དང་འབྲེལ་བོད་ཀྱི་ས་ཁོངས་རིག་གནས་ཀྱི་ཁྱད་ཆོས་མཉམ་འདྲེས་བྱས་ནས། བོད་ལྗོངས་ཀྱི་བཟོ་ལས་དྲན་ཤེས་དང་གསར་བརྗེའི་དྲན་ཤེས་གང་ལེགས་མངོན་ཡོད་པ་རེད།
བྱ་དགའ་ཆེན་པོའི་ཞིབ་དཔྱད་ཨུ་ཡོན་གྱིས། བོད་ལྗོངས་མཛེས་རྩལ་ཁང་གིས་ཐབས་མཁས་ཀྱི་སྒོ་ནས་དེ་སྔའི་ཨར་འདམ་བཟོ་གྲྭའི་མཛོད་ཁང་དང་རྫ་ཐབ། ཨར་འདམ་བླུགས་སྣོད་བཅས་རྟེན་རྫས་བཤམས་མཛོད་ཁང་གི་བར་སྟོང་གསར་པར་བཅོས་སྒྱུར་བྱས་ཏེ། གདོད་མའི་གྲུབ་གཞི་མང་ཆེ་བ་རང་སོར་བཞག་པ་བརྒྱུད་རྒྱུ་ཆ་གསར་པའི་ཟད་གྲོན་ཉུང་དུ་གཏོང་གང་ཐུབ་དང་། འཐུས་སྒོ་ཚང་བའི་བཟོ་སྐྲུན་གྱི་གཞི་རྒྱུ་གསར་པར་བརྟེན་ནས་བཟོ་ལས་ཁུལ་ཞིག་དར་རྒྱས་བཏང་ཞིང་། བློ་ཁོག་ཆེ་བའི་བཟོ་སྐྲུན་འདུ་ཤེས་མངོན་ཡོད་པས། ལོ་རྒྱུས་སོར་འཇོག་བྱས་པ་ཞིག་ཡིན་ལ། དེ་བས་ཀྱང་དེང་རབས་ཅན་གྱི་འགྱུར་ལྡོག་དང་བསྟུན་པ་ཞིག་ཡིན་ཞེས་གདེང་འཇོག་གནང་ཡོད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག སྐལ་བཟང་བདེ་སྐྱིད།
སྒྲིག་སྒྱུར། སྒྲོལ་མ་སྐྱབས།