ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

རྒན་གསོའི་ཞབས་ཞུ་ཡག་ཐོག་ཡག་བརྩེཊ་ཀྱི་གཏམ་བཟང་།

2024-11-22 15:08:00     责编:卓玛才让

     རྒན་གསོའི་ཞབས་ཞུའི་ཐོན་ཁུངས་མཁོ་སྤྲོད་ནུས་ལྡན་ཐུབ་རྒྱུར་སྐུལ་འདེད་བཏང་ནས་རྒན་གསོའི་ཞབས་ཞུ་སྔར་བས་སྟབས་བདེ་དང་། ཚོར་ཤེས་ཐུབ་པ། བེད་སྤྱོད་ཐུབ་པ་བཅས་ཡོང་ཆེད། ཉེ་དུས། དམངས་སྲིད་པུས་རྒྱལ་ཡོངས་ཀྱི་རྒན་གསོའི་ཞབས་ཞུའི་ཆ་འཕྲིན་ལས་སྟེགས་དངོས་སུ་སྤྱོད་འགོ་ཚུགས་ཡོད། ལས་སྟེགས་ཀྱིས་གཤམ་གསལ་གྱི་ནུས་པ་ཆེ་གྲས་ལྔར་བརྟེན་ནས་གཅིག་འཐུས་རྣམ་པའི་ཞབས་ཞུ་བརྒྱུད་ས་གནས་ཁག་གི་རྒན་གསོའི་ཞབས་ཞུའི་སྲིད་དོན་ལས་སྟེགས་ཀྱི་སྤྱི་ཡོངས་ལྟེ་བ་ཧུར་ཐག་གཏོད་རྒྱུ་རེད་འདུག

གཅིག སྲིད་ཇུས་ཆ་འཕྲིན་ལམ་སེང་ཤེས་རྟོགས་ཐུབ་པ།

     ལས་སྟེགས་དེའི་ནང་རིམ་ཁག་དམངས་སྲིད་སྡེ་ཚན་གྱིས་ཡོངས་བསྒྲགས་བྱས་པའི་རྒན་གསོའི་ཞབས་ཞུའི་ཁྱབ་ཁོངས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་། སྲིད་ཇུས་ཡིག་ཆ། ཚད་གཞི་ཚད་ལྡན། ལས་སྒྲུབ་ཕྱོགས་སྟོན་སོགས་སྤྱོད་སྒོ་ཆེ་བའི་ཆ་འཕྲིན་སྣ་ཚོགས་འདུས་ཡོད་པས། རྒན་གསོའི་ཞབས་ཞུའི་ལས་དོན་པས་སྲིད་ཇུས་ཀྱི་འགུལ་རྣམ་དུས་ཐོག་ཏུ་ཤེས་རྟོགས་ཐུབ་པ་དང་། ཞབས་ཞུའི་ཐབས་ཇུས་སྔར་བས་ལེགས་སུ་གཏོང་བ། ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ་བཅས་ལ་སྟབས་བདེ་བསྐྲུན་ཡོད་ལ། མང་ཚོགས་ཀྱིས་གཅིག་འཐུས་རྣམ་པའི་ཞབས་ཞུ་བརྒྱུད་རྒན་གསོའི་ཁྱབ་ཁོངས་ཀྱི་དམངས་ཕན་སྲིད་ཇུས་ཤེས་རྟོགས་བྱ་རྒྱུར་སྟབས་བདེ་བསྐྲུན་ཡོད།

གཉིས། རྒན་གསོའི་ཁྱབ་ཁོངས་ལམ་སེང་འཚོལ་ཞིབ་ཐུབ་པ།

     ལས་སྟེགས་དེའི་ཐོག་རྒྱལ་ཡོངས་ཀྱི་རྒན་གསོའི་ལས་ཁུངས་དང་། སྡེ་ཁུལ་གྱི་རྒན་གསོའི་ལས་ཁུངས་དང་སྒྲིག་བཀོད། བཟའ་བཅའི་རོགས་སྐྱོར་ས་ཚིགས་བཅས་ཁྲི་40ལྷག་ཙམ་གྱི་ཆ་འཕྲིན་གཅིག་སྡུད་བྱས་ཡོད་ཅིང་། པར་རིས་ཀྱི་རྣམ་པའི་ཐོག་ནས་རྒན་གསོའི་ཞབས་ཞུའི་ལས་ཁུངས་དང་བཟའ་བཅའི་རོགས་སྐྱོར་ས་ཚིགས་བཀྲམ་སྟེ་རྒྱ་ཆེའི་མང་ཚོགས་ཀྱིས་རྒྱལ་ཡོངས་ཀྱི་རྒན་གསོའི་ཞབས་ཞུའི་ལས་ཁུངས་དང་སྒྲིག་ཆས་ཀྱི་སྤྱི་ཡོངས་གནས་ཚུལ་ཐད་ཀར་ཤེས་རྟོགས་བྱེད་ཐུབ།

གསུམ། རྒན་གསོའི་རྣམ་པ་དྲ་ཐོག་ཏུ་གཅིག་འདོམས་ཐོག་མངོན་པ།

     ལས་སྟེགས་དེས་མང་ཚོགས་ལ་ཡང་དག་དང་། ཞིབ་ཅིང་ཕྲ་བ། ཆ་ཚང་བ་བཅས་ཀྱི་སྒོ་ནས་རྒན་གསོའི་ཞབས་ཞུའི་ཐོན་ཁུངས་ཆ་འཕྲིན་མཁོ་འདོན་བྱས་ཡོད་ཅིང་། རྒན་གསོའི་ཞབས་ཞུའི་ས་ཚིགས་ཚང་མའི་གནས་ཚུལ་མདོར་བསྡུས་དང་། ཉལ་ཁྲི་སྟོང་པ། ཞབས་ཞུའི་རྣམ་གྲངས། ཉལ་ཁང་གི་རིན་པ་དང་བླང་བྱ། ཁྱད་ལྡན་ཞབས་ཞུ། བློ་འདྲིའི་ཁ་པར་སོགས་ཀྱི་ནང་དོན་གསལ་པོར་བཀོད་དེ་རྒན་གསོའི་ཞབས་ཞུའི་ཐོན་ཁུངས་ཀྱི་མཁོ་སྤྲོད་ཕྱོགས་གཉིས་པོ་དེ་བས་ནུས་ཆེའི་སྒོ་ནས་སྦྲེལ་མཐུད་བྱས་ཡོད་པ་སྟེ། དཔེར་ན། རྒན་རྒོན་གྱི་ནང་མིས་རྒན་རྒོན་ལ་འཚམ་པའི་རྒན་གསོ་ཁང་ཞིག་འཚོལ་འདོད་ཡོད་ཚེ། ས་ཁོངས་དང་རྒན་གསོ་ཁང་གི་ངོ་བོ། སྨན་བཅོས་ཆ་རྐྱེན། ལས་ཁུངས་ཀྱི་གནས་ཡུལ་སོགས་ཀྱི་ཆ་འཕྲིན་བདམས་པ་བརྒྱུད་ཆ་རྐྱེན་དང་འཚམ་པའི་རྒན་གསོའི་ལས་ཁུངས་མགྱོགས་མྱུར་འཚོལ་བཤེར་ཐུབ་པས་ཆ་འཕྲིན་ཤེས་རྟོགས་ཐུབ་པའི་ཕན་འབྲས་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད།

བཞི། ཞབས་ཞུའི་དོན་དག་ས་ཚིགས་གཅིག་ནས་སྒྲུབ་ཐུབ་པ།

     ཞིང་ཆེན་རིམ་པའི་ཞབས་ཞུའི་ལས་སྟེགས་ཕན་ཚུན་སྦྲེལ་མཐུད་ཐུབ་པ་དང་སྦྲགས། ལས་སྟེགས་དེས་དྲ་ཐོག་ནས་རྒན་གསོའི་ཞབས་ཞུའི་ཕོགས་སྣོན་ཁ་གསབ་རེ་ཞུ་དང་། རྒན་གསོ་ཁང་གི་ཐོ་འགོད་སྙན་སེང་སོགས་ཀྱི་ལས་སྒོ་གཉེར་ཏེ་མང་ཚོགས་ལ་སྔར་བས་སྟབས་བདེ་ཡོང་བ་དང་ལས་ཕྱོད་ཆེ་རུ་བཏང་ཡོད།

ལྔ། ལས་སྟེགས་གཉིས་སྦྲེལ་མཐུད་བྱས་པ།

     རྒྱལ་ཡོངས་ཀྱི་རྒན་གསོའི་ཞབས་ཞུའི་ཆ་འཕྲིན་སྟེགས་བུ་དང་དྲུག་ཅུ་དབུ་དཀར་བྱ་སྤྱོད་ཀྱི་ཆ་འཕྲིན་ཞབས་ཞུའི་སྟེགས་བུ་གཉིས་ཕན་ཚུན་སྦྲེལ་མཐུད་བྱས་པ་དང་སྦྲགས། མང་ཚོགས་ཚོས་ལས་སླ་པོས་ལས་སྟེགས་དེ་གཉིས་དབར་བརྗེ་རེས་བྱས་ཆོག་ཅིང་། རྒན་རྒོན་ཚོ་ལ་རྒན་གསོའི་འཚོ་རྟེན་ཡོད་པ་དང་དུས་མཚུངས་སྤྱི་ཚོགས་ཀྱི་བྱེད་སྒོའི་ནང་ཞུགས་ཆོག་པས་ལོ་རྒས་ནའང་བསམ་པ་མ་རྒས་པའི་སྙིང་སྟོབས་མཐོ་རུ་འགྲོ་བར་ཕན་ཐོགས་ཆེན་པོ་ཡོད།

中央广播电视总台 央广网 版权所有

རྒན་གསོའི་ཞབས་ཞུ་ཡག་ཐོག་ཡག་བརྩེཊ་ཀྱི་གཏམ་བཟང་།

རྒན་གསོའི་ཞབས་ཞུའི་ཐོན་ཁུངས་མཁོ་སྤྲོད་ནུས་ལྡན་ཐུབ་རྒྱུར་སྐུལ་འདེད་བཏང་ནས་རྒན་གསོའི་ཞབས་ཞུ་སྔར་བས་སྟབས་བདེ་དང་།