ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

རང་རྒྱལ་གྱི་བུད་མེད་འཕུར་སྐྱོད་བཟོ་སྐྲུན་དབུ་ཆེན་ཐོག་མ།

2024-10-30 17:25:00     责编:卓玛才让

     ལྷ་གྲུ་ཨང་བཅུ་དགུ་པ་རྟགས་ཅན་གྱི་མི་བླུགས་འཕུར་གྲུ་དེ་རིང་སྔ་དྲོ་དངོས་སུ་བར་སྣང་ཁམས་སུ་འཕེན་གཏོང་བྱས་པ་དང་། ཐེངས་འདིའི་མི་བླུགས་མཁའ་སྐྱོད་ཀྱི་ལས་འགན་སྒྲུབ་མཁན་ནི་མཁའ་སྐྱོད་པ་ཚའེ་ཤུན་ཀྲེ་དང་། སུང་ལིང་ཏུང་། ཝང་ཧའོ་ཙེ་བཅས་གསུམ་ལས་གྲུབ་པ་དང་། དེའི་ཁྲོད་ནས་མཁའ་སྐྱོད་པ་ཝང་ཧའོ་ཙེ་ནི་རང་རྒྱལ་གྱི་བུད་མེད་འཕུར་སྐྱོད་བཟོ་སྐྲུན་དབུ་ཆེན་ཐོག་མ་དེ་རེད།

     ཝང་ཧའོ་ཙེ་ནི་སྤྱི་ལོ་1990ལོར་ཧོ་པེ་རུ་འཁྲུངས། དེ་སྔ་ནི་བློ་རྩེ་གཅིག་སྒྲིམ་གྱིས་ཚན་ཞིབ་ལས་ལ་ཞུགས་པའི་དངོས་ཁམས་རིག་པའི་རབ་འབྱམས་པ་ཞིག་ཡིན་པ་དང་། སྤྱི་ལོ་2015ལོར་པེ་ཅིང་མཁའ་སྐྱོད་སྒུལ་ཤུགས་ཞིབ་འཇུག་ཁང་དུ་ཞུགས་རྗེས་ལོ་མང་རིང་ཐོན་གསར་པའི་མེ་ཤུགས་འཕུར་མདའི་སྒུལ་འབྱེད་འཕྲུལ་འཁོར་ཐད་ཞིབ་འཇུག་གནང་བཞིན་ཡོད།

     ཁག་གསུམ་པའི་མཁའ་སྐྱོད་པའི་ཁྲོད་དུ་མཁའ་སྐྱོད་འཕུར་སྐྱོད་བཟོ་སྐྲུན་དབུ་ཆེན་བདུན་ཡོད་པའི་ནང་ནས་ཝང་ཧའོ་ཙེ་ནི་ཁོང་ཚོའི་ཁྲོད་ཀྱི་གྲས་ཤིག་རེད། དེའི་གོང་། ཁོང་རང་ཚན་རྩལ་ལས་དོན་པ་ཞིག་ནས་མཁའ་སྐྱོད་པར་འགྱུར་ཡོང་སྙམ་པ་བསམ་པའི་ཡུལ་ལའང་འཁོར་མ་མྱོང་། ཁོང་གིས། སྐབས་དེ་དུས་གོ་སྐབས་རྩ་ཆེན་པོ་དེ་འདྲ་ཞིག་ཡོད་པ་མཐོང་དུས། དངོས་གནས་དགའ་ཚོར་ཆེན་པོ་བྱུང་། དེར་བརྟེན་ངས་མིང་ཐོ་བཀོད་པ་ཡིན་ཞེས་གསུངས།

     བཟོ་སྐྲུན་དབུ་ཆེན་བྱེད་མྱོང་བ་ལས་འཕུར་སྐྱོད་པར་རྒྱུས་མངའ་མེད་པའི་ཁོང་གི་ངོས་ནས་བརྗོད་ན། འདེམས་སྒྲུག་རྒྱག་པའི་བརྒྱུད་རིམ་ནང་མཁའ་སྐྱོད་དངོས་ཁམས་ནུས་པ་འདྲ་མིན་ལ་བརྟག་དཔྱད་ཚོད་ལྟ་བྱེད་པ་དེ་དག་ནི་འགྲན་སློང་གསར་པ་ཤ་སྟག་རེད། འོན་ཀྱང་། ཝང་ཧའོ་ཙེ་ཡིས། ང་རང་ནས་བརྒྱུད་རིམ་དེ་དག་ལོངས་སྤྱོད་ཅིག་ཏུ་བརྩི་བཞིན་ཡོད། རྒྱུས་མངའ་མེད་པའི་འགྲན་སློང་དེ་དག་ཐད་ང་ལ་གནོན་ཤུགས་གང་ཡང་མ་བྱུང་། དེ་ལས་ལྡོག་སྟེ་ཡ་མཚན་གྱི་བསམ་བློ་མང་པོ་སྐྱེས་བྱུང་། གང་ལགས་ཤེ་ན། མཁའ་སྐྱོད་པ་ནི་མི་ཁྲི་སྟོང་མང་པོའི་ཁྲོད་ནས་རེ་གཉིས་ལས་འདེམས་ཀྱི་མེད་པས། དེའི་ནང་ཞུགས་རྒྱུ་བྱུང་བ་ཙམ་གྱིས་ང་རང་བློ་ཡིད་འཚིམ་སོང་ཞེས་གསུངས་ཀྱི་ཡོད།

     དེ་ལྟ་བུའི་དད་སེམས་དབང་གིས་དཀའ་ཚེགས་ཆེ་བའི་སྦྱོང་བརྡར་གང་འདྲ་ཞིག་དང་འཕྲད་ཀྱང་། ཝང་ཧའོ་ཙེ་ཡིས་བློས་གཏོང་བསམ་བློ་རྩ་བ་ཉིད་ནས་གཏོང་མ་མྱོང་བར། ད་དུང་སྦྱོང་བརྡར་བྱེད་སྐབས་རང་ཉིད་ལ་སེམས་ཤུགས་སྤྲོད་པའི་རྩ་ཆེའི་ནོར་བུ་གཉིས་ཕྱོགས་བསྡོམས་བྱས་ཡོད་དེ་གཅིག་ནི་སེམས་ནུས་ཡོད་རྒུས་སྦྱོང་བརྡར་བྱེད་པ་དང་། གཅིག་ཤོས་ནི་བསམ་གཞིགས་ནན་པོ་བྱེད་པ་དེ་རེད།

     མཐར་ཝང་ཧའོ་ཙེ་ཕུལ་དུ་བྱུང་བའི་སྦྱངས་འབྲས་ཐོག་ནས་དཔྱད་དཔོག་ཐམས་ཅད་ལས་རྒྱུགས་འཕྲོད་ཏེ་ལྷ་གྲུ་ཨང་བཅུ་དགུ་པའི་མཁའ་སྐྱོད་པར་བདམས་ཐོན་བྱུང་ཡོད།

     འཇིག་རྟེན་ཐོག་ལས་སླ་པོར་ཐོབ་པའི་གྲུབ་འབྲས་དང་རྒྱལ་ཁ་ཞིག་ག་ནས་ཡོང་། སྐྱེ་བོ་ཀུན་གྱིས་དོ་ཁུར་ཆེན་པོ་བྱེད་པའི་དུས་སྐབས་འདིར། རང་ཉིད་ཀྱི་འཚར་ལོངས་ལམ་བུར་ཕྱིར་དྲན་ཞིག་བྱེད་སྐབས། ཝང་ཧའོ་ཙེ་ཡིས། ངའི་ཕྲག་ཐོག་ཏུ་ཁུར་བ་དེ་ནི་འགན་འཁྲི་དང་འོས་འགན་རེད་འདུག་ལ། དེ་བས་ཀྱང་གནོན་ཤུགས་ཤིག་ཡིན་པའི་ཚོར་སྣང་འདུག་ཅེས་གསུངས། ཝང་ཧའོ་ཙེ་ཡིས། མ་གཞི་དེ་སྔ་མཁའ་སྐྱོད་ཚན་རྩལ་པའི་ལས་ཀ་བྱེད་སྐབས་གནོན་ཤུགས་ཡོད་མོད། འོན་ཀྱང་། དེ་ནི་མིག་སྔའི་གནོན་ཤུགས་དང་སྤྱིར་གཅིག་པ་ག་ལ་ཡིན། ང་ནི་མེས་རྒྱལ་གྱིས་མཁའ་སྐྱོད་པ་ཁྲི་སྟོང་མང་པོའི་ཁྲོད་ནས་བདམས་པ་ཞིག་ཡིན་དུས། ང་ཡང་མཁའ་སྐྱོད་ཚན་རྩལ་པ་ཁྲི་མ་འབུམ་གྱི་འཐུས་ཚབ་ཅིག་ཏུ་གྱུར་ཡོད། མེས་རྒྱལ་གྱིས་ང་ལ་ཡིད་ཆེས་དེ་འདྲ་གནང་དུས་ངས་དེ་ཆུས་ཟོད་དུ་མི་གཏོང་བར་འབད་འབུངས་ཡར་བརྩོན་གྱིས་མེས་རྒྱལ་དང་མི་དམངས་ཀྱི་གསོ་སྐྱོང་གནང་བར་དྲིན་ལན་འཇལ་རྒྱུ་ཡིན་ཞེས་གསུངས།

     ལས་འགན་གྱི་བཀོད་སྒྲིག་ལྟར་ན། ལྷ་གྲུ་ཨང་བཅུ་དགུ་པ་རྟགས་ཅན་གྱི་མཁའ་སྐྱོད་ཚོ་ཆུང་ནས་འཁོར་ལམ་ཐོག་བར་སྣང་ཚན་རིག་གི་ཚོད་ལྟ་མང་པོ་བསྒྲུབ་དགོས་ཀྱི་ཡོད་པ་དང་། དེ་བཞིན་གྲུ་ཚང་ཕྱིའི་འགོག་སྲུང་སྒྲིག་ཆས་སྒྲིག་སྦྱོར་སོགས་ཀྱི་ལས་འགན་ཡང་བསྒྲུབ་དགོས་ཀྱི་ཡོད། ཝང་ཧའོ་ཙེ་ཡིས། ངས་རང་ཉིད་ཀྱི་ཆེད་ལས་ཤེས་བྱར་བརྟེན་ནས་འཕུར་སྐྱོད་བཟོ་སྐྲུན་དབུ་ཆེན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུ་ཡིན། དེ་ཡང་ངས་བལྟས་ན་མང་ཆེ་བ་དེ་ས་ངོས་ཀྱི་ལག་རྩལ་མི་སྣ་དང་ཐོལ་བྱུང་གནས་ཚུལ་ཐད་སྤེལ་རེས་མང་ཙམ་བྱ་རྒྱུ་དང་། ངའི་བཟོ་སྐྲུན་ལས་ཀའི་ཤེས་བྱར་བརྟེན་ནས་གནད་དོན་ཐག་གཅོད་བྱ་རྒྱུ་དེ་རེད། དེའི་ཐད་ངས་ནུས་པ་འདོན་སྤེལ་ཐུབ་ངེས་རེད་བསམ་གྱི་འདུག་ཅེས་གསུངས།

     ཝང་ཧའོ་ཙེ་ཡིས། ད་ནས་བཟུང་བའི་དུས་ཡུན་ཟླ་དྲུག་གི་བར་སྣང་འགྲུལ་བཞུད་ལ་ཡིད་ཆེས་དང་རེ་སྒུག་གིས་ཁེངས་ཡོད། ཁོང་གིས། ད་ལྟ་ང་ལ་བསམ་རྒྱུ་དང་དྲན་རྒྱུ་གཅིག་རང་ཡོད་པ་དེ་ནི་བར་སྣང་ཁམས་སུ་སྡོད་རིང་གི་ལས་ཀ་ཚང་མ་ཡག་པོ་བསྒྲུབ་རྒྱུ་དེ་ཡིན་ཞེས་གསུངས་ཡོད།

中央广播电视总台 央广网 版权所有

རང་རྒྱལ་གྱི་བུད་མེད་འཕུར་སྐྱོད་བཟོ་སྐྲུན་དབུ་ཆེན་ཐོག་མ།

ལྷ་གྲུ་ཨང་བཅུ་དགུ་པ་རྟགས་ཅན་གྱི་མི་བླུགས་འཕུར་གྲུ་དེ་རིང་སྔ་དྲོ་དངོས་སུ་བར་སྣང་ཁམས་སུ་འཕེན་གཏོང་བྱས་པ་དང་།