མངའ་རིས་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་ལ་གྲུབ་འབྲས་ཡག་པོ་ཐོབ།
སྤྱི་ཟླ་10ཚེས་21ཉིན། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་མངའ་རིས་ས་ཁུལ་གྱི་འདི་ལོའི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་གནས་ཚུལ་ངོ་སྤྲོད་བྱས་པ་དང་། ཚོགས་འདུའི་ཐོག མངའ་རིས་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡི་འགོ་འཛིན་གཞོན་པ་ཀྲའུ་ཤུན་གྱིས་ཕྱོགས་བཞིའི་ཐད་ནས་ངོ་སྤྲོད་ཞིབ་ཕྲ་གནང་ཡོད།
དང་པོ། ཕན་འབྲས་ལྡན་པའི་མ་འཇོག་བྱེད་ཤུགས་ཆེ་རུ་ཧུར་ཐག་བཏང་བ་དང་། མ་འཇོག་དང་མ་དངུལ་བསྡུ་སྒྲིལ་གྱི་སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་བྱས་པ། རྣམ་གྲངས་གལ་ཆེན་གྱི་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་བཏང་བ། ཚོང་འགུག་མ་འདྲེན་གྱི་ལས་དོན་ལ་དམ་འཛིན་ནན་པོ་བཅས་བྱས་ཡོད། རྨང་གཞིའི་སྒྲིག་བཀོད་གལ་ཆེན་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན། རྣམ་པ་གསར་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན། ཞིང་གསུམ་དང་ཆུ་བེད། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་། སྤྱི་ཚོགས་བྱ་གཞག་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་འཛུགས་སྐྲུན་ལ་ཀྲུང་དབྱང་གི་སྔོན་རྩིས་ནང་གི་མ་དངུལ་སྒོར་དུང་ཕྱུར་13.3དོན་འཁྱོལ་བྱས་ཡོད།
གཉིས་པ། འཛད་སྤྱོད་སླར་གསོ་དང་རྒྱ་ཆེར་གཏོང་རྒྱུ་དེ་མུ་མཐུད་གལ་ཆེའི་གནས་བབ་ཐོག་བཞག་ནས་འཛད་སྤྱོད་སྐུལ་འདེད་ལོའི་བྱེད་སྒོ་ཁག་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་འཛད་སྤྱོད་བརྟན་པོའི་ངང་འཕར་རྒྱུར་སྐུལ་འདེད་བཏང་ཡོད། མངའ་རིས་ས་ཁུལ་གྱིས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་ཁག་10བཏོན་པ་དང་ཆེད་དོན་མ་དངུལ་སྒོར་ཁྲི་450བཀོད་སྒྲིག་བྱས་ནས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ཆེད་དོན་བྱེད་སྒོ་སྤེལ་བས་འཛད་སྤྱོད་ཀྱི་མི་མངོན་པའི་ནུས་པ་རྒྱུན་མཐུད་ངང་འདོན་སྤེལ་ཐུབ་ཡོད།
གསུམ་པ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དང་རྒྱ་ཆེར་བཏང་བ་དང་དབུལ་པོ་བསྐྱར་ལོག་སྔོན་འགོག་གི་འགུལ་རྣམ་ལྟ་ཞིབ་ཚད་ལེན་རོགས་སྐྱོར་ལ་ཤུགས་སྣོན་བརྒྱབ་ནས་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་དང་ཚོགས་ཆུང་ཚོགས་སྒྲིག་གི་ལས་དོན་རྒྱུན་མཐུད་གཏིང་ཟབ་སྤེལ་ཡོད། ཁེ་ལས་བརྒྱ་ཡིས་གྲོང་ཚོ་བརྒྱ་དར་རྒྱས་གཏོང་བའི་བྱ་སྤྱོད་ལ་སྐུལ་འདེད་བཏང་ནས་རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི་533.41བཏང་སྟེ་སྤྱི་ཚོགས་སྒྲིག་འཛུགས་ཀྱིས་གྲོང་གསེབ་དར་རྒྱས་ལ་རོགས་རམ་བྱ་རྒྱུར་སྐུལ་འདེད་བཏང་ཡོད། ཞིང་འབྲེལ་ཁྱབ་ཁོངས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་བ་དང་གྲོང་གསེབ་ཀྱི་ས་ཆའི་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་བརྟན་པོ་བཏང་ནས་རྩྭ་ར་མུའུ་ཁྲི་1632དང་རྨོ་ཞིང་མུའུ་467 འཁོར་རྒྱུག་བྱས་པར་ཡོང་འབབ་སྒོར་ཁྲི་1195བྱུང་ཡོད།
བཞི་པ། རྣམ་པ་གསར་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་ནས་ཞིང་འབྲོག་ལས་ཀྱི་སྤོ་སྒྱུར་མི་སྣ་གྲོང་མིར་གྱུར་མགྱོགས་སུ་བཏང་བས་ས་ཁུལ་དེ་ཡོངས་ཀྱི་རྒྱུན་སྡོད་མི་སྣ་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་45.2%ཟིན་པ་དང་། རྫོང་གྲོང་གི་ཞན་ཆ་གསབ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ནས་གྲོང་ཁུལ་གྱི་ཚོད་འཛིན་རང་བཞིན་གྱི་འཆར་འགོད་སྒྲིག་བཟོ་བྱས་ནས་གྲོང་ཁྱེར་གྱི་ནུས་པ་རྒྱུན་མཐུད་ཆེ་རུ་བཏང་ཡོད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག བསྟན་འཛིན།
གསར་འགོད་པ། བྱམས་པ་ཚེ་རིང་།