ལེ་པ་ནོན་གྱི་མི་བརྒྱ་ཕྲག་ལྷག་ཁ་སང་གི་མཁའ་རྒོལ་ཁྲོད་སྲོག་ཤོར་འདུག
ས་གནས་དེ་གའི་དུས་ཚོད་ཚེས་30ཉིན་གྱི་ཐོ་རེངས་སུ། ལེ་པ་ནོན་འཕྲོད་བསྟེན་པུའུ་ཡིས་གནས་ཚུལ་སྤེལ་བ་ལྟར་ན། དབྱི་སི་རལ་གྱིས་འདས་ཟིན་པའི་ཆུ་ཚོད་24ཡི་ནང་ལེ་པ་ནོན་ལྷོ་རྒྱུད་ཀྱི་པེ་ཁ་དང་། པ་ལེ་པེ་ཁེ-ཧོར་མེ། པེ་ལུའུ་ཐེ་ལྷོ་འདབས་ཀྱི་གྲོང་རྡལ་དང་གྲོང་ཚོ་སོགས་ལ་འཇབ་རྒོལ་བྱས་པས་ཁྱོན་བསྡོམས་མི་105རྐྱེན་ལམ་དུ་ཤོར་བ་དང་། མི་359ལ་རྨས་སྐྱོན་ཕོག་ཡོད་པ་རེད།
དབྱི་སི་རལ་རྒྱལ་སྲུང་དམག་གིས་ཚེས་29ཉིན་གསལ་བསྒྲགས་སྤེལ་ནས། དབྱི་སི་རལ་གྱི་མཁའ་དམག་གིས་ཉིན་དེར་ལེ་པ་ནོན་ལྷོ་རྒྱུད་སོགས་ས་ཁུལ་དུ་ཡོད་པའི་ལེ་པ་ནོན་སྐྱབས་མགོན་ཏང་གི་དམིགས་འབེན་ཧ་ལམ་120ཙམ་ལ་འཇབ་རྒོལ་བྱས་ཡོད་ཅེས་བརྗོད་འདུག
ན་ནིང་ཟླ་10ཚེས་7ཉིན་རེས་སྐོར་གསར་པའི་ཕ་དབྱི་གདོང་ཐུག་ཐོན་པ་ནས་བཟུང་། ལེ་པ་ནོན་སྐྱབས་མགོན་ཏང་གིས་དུས་ངེས་མེད་དུ་དབྱི་སི་རལ་གྱི་བྱང་རྒྱུད་ལ་འཇབ་རྒོལ་བྱས་པས། དབྱི་སི་རལ་དམག་ཕྱོགས་ཀྱིས་ལེ་པ་ནོན་ལྷོ་རྒྱུད་ཀྱི་དམིགས་འབེན་ལ་མཁའ་རྒོལ་དང་མེ་སྒྱོགས་བརྒྱབ་ནས་འཁོན་ལན་བསློགས་པ་རེད། ཟླ་འདིའི་ཚེས་17ཉིན་ལེ་པ་ནོན་དུ་འཕྲིན་གཏོང་སྒྲིག་ཆས་འགད་གཏོར་གྱི་དོན་རྐྱེན་བྱུང་རྗེས། ལེ་པ་ནོན་དང་དབྱི་སི་རལ་གྱི་འགལ་བ་གློ་བུར་དུ་རིམ་འཕར་བྱུང་བ་རེད། ལེ་པ་ནོན་སྐྱབས་མགོན་ཏང་གིས་ཚེས་28ཉིན་གསལ་བསྒྲགས་སྤེལ་ནས། གང་དེའི་འགོ་ཁྲིད་མི་སྣ་ནཱ་སི་ལུའུ་ལཱ་དབྱི་སི་རལ་གྱིས་ཚེས་27ཉིན་ལེ་པ་ནོན་གྱི་རྒྱལ་ས་པེ་ལུའུ་ཐེ་ལྷོ་རྒྱུད་དུ་མཁའ་རྒོལ་བྱས་པའི་ཁྲོད་རྐྱེན་ལམ་དུ་ཤོར་བ་བདེན་དཔང་བྱས་འདུག