▶གསེར་དངུལ་ཟངས་གསུམ་ཀའི་རིན་གོང་འཕར་བའི་ཐད་ཆེད་མཁས་པས་་་
གོ་ལ་ཧྲིལ་པོའི་ལྕགས་རིགས་ཁྲོམ་རར་ཉེ་ལམ་སླར་ཡང་རིན་གོང་འཕར་བའི་རྣམ་པ་མངོན་ཡོད། གཟའ་ཟླ་བའི་ཨ་ཤེ་ཡའི་ཉོ་ཚོང་དུས་མཚམས་སུ་རྒྱལ་སྤྱིའི་གསེར་གྱི་རིན་གོང་གཟའ་འཁོར་སྔོན་མའི་འཕར་ཤུགས་ཀྱི་རྒྱུན་མཐུད་ཡོད་པ་དང་། སྐབས་ཤིག་རིང་ཨང་སི་རེར་ཨ་སྒོར་2450ཟིན་ཏེ། ཡང་བསྐྱར་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། གཞན་ཡང་། དངུལ་དང་གསེར་དཀར། དེ་བཞིན་ཟངས་བཅས་ཀྱི་རིན་གོང་ཡང་འཕར་ཡོད། དེས་ན་རྒྱུ་རྐྱེན་གང་ཞིག་གིས་ཐེངས་འདིའི་འཕར་ཚུལ་ལ་སྐུལ་འདེད་ཐེབས་པ་ཡིན་ནམ།
གཟའ་ཟླ་བར་གསེར་དང་དངུལ། གསེར་དཀར་དང་ཟངས་སོགས་ལྕགས་རིགས་རྩ་ཆེན་དང་བཟོ་ལས་ལྕགས་རིགས་ཚང་མའི་རིན་གོང་འཕར་ཡོད།
གསེར་གྱི་རིན་གོང་གཟའ་འཁོར་སྔོན་མའི་འཕར་ཚད་ཀྱི་རྒྱུན་མཐུད་ཡོད་པ་དང་། གཟའ་ཟླ་བའི་ཨ་ཤེ་ཡའི་ཉོ་ཚོང་དུས་མཚམས་སུ་གསེར་གྱི་རིན་གོང་དེ་སྐབས་ཤིག་རིང་ཨང་སི་རེར་ཨ་སྒོར་2450ཟིན་ཏེ། ཟླ་བཞི་པར་བཏོད་པའི་ཟིན་ཐོ་མཐོ་ཤོས་ལས་བརྒལ་ཡོད། པེ་ཅིང་གི་དུས་ཚོད་ཟླ་5ཚེས་20ཉིན་གྱི་ཕྱི་དྲོའི་ཆུ་ཚོད་4དང་ཕྱེད་ཀ་ཡས་མས་བར། གསེར་གྱི་རིན་གོང་དེ་ཨང་སི་རེར་ཨ་སྒོར་2440ཡས་མས་ཡིན་མོད། ཚེས་15ཉིན་ནས་བཟུང་གསེར་གྱི་རིན་གོང་སླར་ཡང་འཕར་ཡོད། སྐབས་དེར་ཨ་རིས་དངུལ་ལོར་འགྲེམས་ཐལ་ཤོར་བའི་གཞི་གྲངས་གསར་ཤོས་ཁྱབ་བསྒྲགས་བྱས་པ་དང་། ཟླ་4པའི་འཛད་སྤྱོད་པའི་རིན་གོང་སྟོན་གྲངས་ལ་བལྟས་ན། དེའི་ཆག་ཚད་སྔོན་དཔག་ལས་བརྒལ་བ་མངོན་ཡོད། དེ་མིན་གཟའ་འཁོར་སྔོན་མར་ཁྱབ་བསྒྲགས་བྱས་པའི་ཨ་རིའི་ཐོན་སྐྱེད་པའི་རིན་གོང་སྟོན་གྲངས་དང་སིལ་ཚོང་གཞི་གྲངས་ཚང་མའི་འཕར་ཚད་ཇེ་དལ་དུ་སོང་ཡོད་པས། ཁྲོམ་རར་ཡང་བསྐྱར་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གསོག་འཇོག་ཨུ་ཡོན་ལྷན་ཁང་གིས་ད་ལོར་སྐྱེད་ཀ་ཐེངས་གཉིས་གཅོག་རྒྱུའི་རེ་བ་བསྩལ་ཡོད་པ་རེད།
ཉེ་ཆར་གྱི་ཉོ་ཚོང་ཉིན་མོ་འགའི་རིང་ལ། ཁྲོམ་རས་ཐོག་མཐའ་བར་གསུམ་དུ་རྒྱན་འཛུགས་ཆེ་རུ་བཏང་ནས། ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གསོག་འཇོག་ཨུ་ཡོན་ལྷན་ཁང་གིས་སྔ་ཤོས་སུ་ཟླ་9པར་སྐྱེད་ཀ་གཅོག་པའི་དུས་འཁོར་འགོ་རྩོམ་བཟོ་ཡོད་པར་འདོད་ཡོད། དེར་བརྟེན་ཨ་སྒོར་གྱི་རིན་ཐང་ཞན་དུ་སོང་བ་དང་། ཨ་སྒོར་གྱིས་ཚད་འཇལ་བའི་སྐྱེད་མེད་རྒྱུ་ནོར་ཏེ་གསེར་གྱི་རིན་གོང་འཕར་ཡོད་པ་རེད།
གཞན་ཡང་། དབྱི་རན་གྱི་ཙུང་ཐུང་ཐད་འཕུར་གནམ་གྲུའི་དོན་རྐྱེན་ཁྲོད་སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར་བའི་དོན་དག་དེས་ཀྱང་ཁྲོམ་རར་ཤུགས་རྐྱེན་ཐེབས་ཡོད་ལ། ས་འབྲེལ་ཆབ་སྲིད་ཉེན་ཁའི་ངེས་གཏན་མེད་པའི་རང་བཞིན་གྱིས་ཀྱང་ཉེན་གཡོལ་རང་བཞིན་ལྡན་པའི་གསེར་གྱི་རིན་གོང་བསྟད་ཡོད་པ་རེད། སྲོལ་རྒྱུན་གྱི་ཨ་སྒོར་དང་གསེར་ཉོ་ཚོང་གི་གཏན་ཚིགས་ལས་གཞན། མཇུག་མཐར་དབྱེ་ཞིབ་བྱས་པ་ལྟར་ན། གསེར་གྱི་རིན་གོང་ལ་ད་དུང་ཨ་ཤེ་ཡའི་སིལ་ཚོང་དགོས་མཁོའི་ཤུགས་རྐྱེན་ཐེབས་ཡོད་པ་རེད།
ད་ལོ་ད་ལྟའི་བར་དུ་གསེར་གྱི་རིན་གོང་18%འཕར་ཟིན་ཡོད། གཞན་ཡང་། པེ་ཅིང་གི་དུས་ཚོད་ཟླ་5ཚེས་20ཉིན་གྱི་ཕྱི་དྲོའི་ཆུ་ཚོད་4དང་ཕྱེད་ཀ་ཡས་མས་བར་དངུལ་དཀར་ཨང་སི་རེར་ཨ་སྒོར་31.75ཙམ་འཕར་ནས་ལོ་11རིང་གི་ཟིན་ཐོ་གསར་པ་བཏོད་ཡོད། གསེར་དཀར་ཨང་སི་རེར་ཨ་སྒོར་1090ཡན་འཕར་ཏེ་2023ལོའི་ཟླ་4ཚེས་23ཉིན་ཚུན་གྱི་མཐོ་ཤོས་ཆགས་ཡོད་པ་རེད།
ད་དུང་དོ་སྣང་བྱེད་རིན་ཡོད་པ་ཞིག་ནི་རྒྱ་ཆེ་བའི་དཔལ་འབྱོར་གནས་ཚུལ་མཚོན་ཐུབ་པའི་གཞི་རྩའི་ལྕགས་རིགས་ཏེ་ཟངས་རེད། གཟའ་ཟླ་བར། ལུན་ཏུན་ལྕགས་རིགས་ཉོ་ཚོང་ཁང་གི་ཟངས་ཀྱི་དུས་བཅད་ཚོང་ཟོག་སྐབས་ཤིག་རིང་ཏུན་རེར་ཨ་སྒོར་1100ལས་བརྒལ་ཡོད། དབྱེ་ཞིབ་བྱས་པ་ལྟར་ན། ཉེ་བའི་ལོ་ཤས་རིང་གོ་ལ་ཧྲིལ་པོའི་ནུས་ཁུངས་རིགས་སྒྱུར་བྱས་པ་ལས་བྱུང་བའི་ཐཱན་མེད་ཅན་དང་གློག་ཤུགས་ཅན་དུ་སྒྱུར་བའི་འཕེལ་ཕྱོགས་ཀྱིས་ཟངས་ཀྱི་དགོས་མཁོ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་། འདས་ཟིན་པའི་ལོ་བཅུའི་ནང་གོ་ལ་ཧྲིལ་པོའི་ཟངས་གཏེར་སྔོག་འདོན་མི་འདང་བ་དང་འབྲེལ་ཡོད་མ་འཇོག་མ་འདང་བ་དེས་ཁྲོམ་རའི་དགོས་མཁོ་སྐོང་མི་ཐུབ་པར་གྱུར་བས། ཟངས་ཀྱི་རིན་གོང་མུ་མཐུད་འཕར་ཡོད་པ་རེད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག སྐལ་བཟང་བདེ་སྐྱིད།
སྒྲིག་སྒྱུར། ཚེ་རྡོར།