ཁང་པ་ཉོ་མཁན་དང་འབྲེལ་བ་ཡོད་པའི་སྲིད་ཇུས་གསར་ཤོས།
ཚེས་17ཉིན། ཀྲུང་གོ་མི་དམངས་དངུལ་ཁང་དང་། རྒྱལ་ཁབ་དངུལ་རྩའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་བརྡ་ཐོ་བཏང་ནས།དངུལ་བུན་གཡར་ནས་སྡོད་ཁང་ཉོ་མཁན་གྱི་གྲོང་མིའི་ཁྱིམ་ཚང་ལ། སྡོད་ཁང་དང་པོའི་ཚོང་ལས་རང་བཞིན་གྱི་མི་སྒེར་གྱི་སྡོད་ཁང་དངུལ་བུན་གྱི་ཐོག་མའི་ལག་དངུལ་སྤྲོད་ཚད་དམའ་ཤོས་དེ་བརྒྱ་ཆ་15ལས་མི་ཉུང་བར་ལེགས་སྒྲིག་བྱ་རྒྱུ་དང་། སྡོད་ཁང་གཉིས་པའི་ཚོང་ལས་རང་བཞིན་གྱི་མི་སྒེར་གྱི་སྡོད་ཁང་དངུལ་བུན་གྱི་ཐོག་མའི་ལག་དངུལ་སྤྲོད་ཚད་དམའ་ཤོས་དེ་བརྒྱ་ཆ་25ལས་མི་ཉུང་བར་ལེགས་སྒྲིག་བྱ་རྒྱུའི་ཁྱབ་བསྒྲགས་བྱས་འདུག
རྨང་གཞི་འདིའི་ཐོག ཀྲུང་གོ་མི་དམངས་དངུལ་ཁང་ཞིང་ཆེན་རིམ་པའི་ཡན་ལག་དངུལ་ཁང་ཁག་དང་རྒྱལ་ཁབ་དངུལ་རྩའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱི་མངགས་གཏོང་ལས་ཁུངས་ཁག་གིས་གྲོང་ཁྱེར་སྲིད་གཞུང་གི་སྙོམས་སྒྲིག་བླང་བྱ་གཞིར་བཟུང་། གྲོང་ཁྱེར་གྱི་གནས་ཚུལ་དངོས་ལ་གཞིགས་ནས་ཐབས་ཇུས་ལག་བསྟར་བྱེད་པའི་རྩ་དོན་གཞིར་བཟུང་། ཁོངས་གཏོགས་ཁུལ་གྱི་གྲོང་ཁྱེར་ཁག་གིས་ཁྱིམ་ཚང་གི་སྡོད་ཁང་དང་པོ་དང་གཉིས་པའི་ཚོང་ལས་རང་བཞིན་གྱི་མི་སྒེར་གྱི་སྡོད་ཁང་དངུལ་བུན་གྱི་ཐོག་མའི་ལག་དངུལ་སྤྲོད་ཚད་དམའ་ཤོས་དེ་གཏན་འཁེལ་བྱ་རྒྱུ་ཡིན་པ་རེད།
ཚེས་17ཉིན། ཀྲུང་གོ་མི་དམངས་དངུལ་ཁང་གིས་དུས་མཚུངས་སུ《ཚོང་ལས་རང་བཞིན་གྱི་མི་སྒེར་གྱི་སྡོད་ཁང་གི་དངུལ་བུན་སྐྱེད་ཚད་ཀྱི་སྲིད་ཇུས་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་ཀྲུང་གོ་མི་དམངས་དངུལ་ཁང་གི་བརྡ་ཐོ》ཞེས་པ་ཁྱབ་བསྒྲགས་བྱས་ནས། རྒྱལ་ཡོངས་རིམ་པའི་སྡོད་ཁང་དང་པོ་དང་སྡོད་ཁང་གཉིས་པའི་ཚོང་ལས་རང་བཞིན་གྱི་མི་སྒེར་གྱི་སྡོད་ཁང་དངུལ་བུན་སྐྱེད་ཚད་སྲིད་ཇུས་ཀྱི་ཚད་གཞི་དམའ་ཤོས་མེད་པ་བཟོས་འདུག
གཞན་ཡང་། ཚེས་17ཉིན་ཀྲུང་གོ་མི་དམངས་དངུལ་ཁང་གིས་བརྡ་ཐོ་བཏང་སྟེ། 2024ལོའི་ཟླ་5ཚེས་18ཉིན་ནས་བཟུང་། མི་སྒེར་གྱི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་སྐྱེད་ཚད་བརྒྱ་ཆའི་གྲངས་0.25དམའ་རུ་གཏོང་རྒྱུ་དང་། ལོ་5མན་(ལོ་5ཚུད་པ)དང་ལོ་5ཡན་གྱི་སྡོད་ཁང་དང་པོའི་མི་སྒེར་གྱི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་སྐྱེད་ཚད་ཁག་སོ་སོར་བརྒྱ་ཆ་2.35དང་བརྒྱ་ཆ་2.85ལ་ལེགས་སྒྲིག་བྱ་རྒྱུ། ལོ་5མན་(ལོ་5ཚུད་པ)དང་ལོ་5ཡན་གྱི་སྡོད་ཁང་གཉིས་པའི་མི་སྒེར་གྱི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་སྐྱེད་ཚད་ཁག་སོ་སོར་བརྒྱ་ཆ་2.775དང་བརྒྱ་ཆ་3.325ལ་ལེགས་སྒྲིག་བྱ་རྒྱུའི་གཏན་འབེབས་བྱས་འདུག
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག གཡུ་སྒྲོན།
སྒྲིག་སྒྱུར། མཁའ་སྤྱོད་དབང་མོ།