ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དམིགས་བསལ་དོ་ཁུར།

ས་ཆ་འདིར་དམག་འཐབ་དྲག་པོ་བྱས་འདུག

2023-09-20 17:49:00     责编:桑吉卓玛

ས་ཆ་འདིར་དམག་འཐབ་དྲག་པོ་བྱས་འདུག

       སྤྱི་ཟླ་9ཚེས་16ཉིན་ནས་17ཉིན་བར། སུའུ་ཏན་དྲག་སྤྲས་དམག་དཔུང་དང་མགྱོགས་མྱུར་རོགས་སྐྱོར་དམག་དཔུང་གིས་རྒྱལ་ས་ཁར་ཐུམ་དང་དེའི་ཉེ་འཁོར་དུ་ཡང་བསྐྱར་དམག་འཐབ་དྲག་པོ་བྱས་ཡོད། ཁར་ཐུམ་དང་ཨིན་ཐུའུ་མན་གྲོང་ཁྱེར་དུ་མཚོན་ཆའི་སྒྲ་མི་ཆད་ཅིང་། ཁང་པ་མང་པོར་གཏོར་སྐྱོན་ཕོག་ཡོད།

 

 

       གཟའ་མཇུག་གི་ཉིན་གཉིས་ནང་སུའུ་ཏན་གྱི་གདོང་ཐུག་ཕྱོགས་གཉིས་པོས་གཙོ་བོ་ཁར་ཐུམ་གྲོང་ཁྱེར་བྱང་རྒྱུད་ཀྱི་དྲག་ཆས་དཔུང་སྡེའི་སྤྱི་ཁྱབ་བཀོད་འདོམས་པུའུ་ལ་དམིགས་ནས་འགོག་སྲུང་དང་ཕར་རྒོལ་བྱས་ཡོད། དེ་མིན་མགྱོགས་མྱུར་རོགས་སྐྱོར་དམག་དཔུང་གིས་ད་དུང་ཁར་ཐུམ་གྲོང་ཁྱེར་གྱི་བརྡ་རྟགས་དམག་གི་རྟེན་གཞི་དང་། ལྷོ་ཕྱོགས་ཀྱི་ཐན་ཁེ་དམག་དཔུང་གི་རྟེན་གཞི། ཨེན་ཐུའུ་མན་གྲོང་ཁྱེར་གྱི་འཛུགས་སྐྲུན་བཟོ་བཀོད་དམག་གི་རྟེན་གཞི་བཅས་ལ་ཕར་རྒོལ་བྱས། གནས་ཚུལ་ཐོན་ཡུལ་གྱི་མི་སྣ་ཞིག་གིས། གཟའ་མཇུག་གི་ཉིན་གཉིས་རིང་གི་དམག་འཐབ་དེ་ནི་སུའུ་ཏན་གྱི་དྲག་ཆས་གདོང་ཐུག་ཐོན་པ་ནས་བཟུང་གི་ཤུགས་དྲག་ཆེ་ཤོས་ཤིག་རེད་ཅེས་བརྗོད་འདུག 

 

 

       གདོང་ཐུག་དྲག་པོ་བྱུང་ནས་ཁར་ཐུམ་གྲོང་ཁྱེར་གྱི་སྤྱི་སྤྱོད་དང་དམངས་སྤྱོད་མང་པོར་གཏོར་སྐྱོན་ཚབས་ཆེན་ཕོག་ཡོད་པ་རེད། ཡུལ་དངོས་ཀྱི་བརྙན་ཐུང་ལས་དྲག་ཆས་དཔུང་སྡེའི་སྤྱི་ཁྱབ་བཀོད་འདོམས་པུའུ་དུ་སྨུག་གིས་བསྒྲིབ་ཡོད་པ་དང་། ཉེ་འགྲམ་གྱི་སུའུ་ཏན་ཁྲིམས་འཛིན་པུའི་ཐོག་བརྩེགས་ཁང་ཆེན་ལ་མེ་སྒྱོགས་ཕོག་ནས་འཚིག་བསྲེག་ཐེབས་ཡོད་པ་རེད། ཁར་ཐུམ་གྱི་ས་ཁམས་མཚོན་རྟགས་རང་བཞིན་གྱི་ཐོག་ཁང་ཏ་ཉི་ལུའོ་རྡོ་སྣུམ་ལས་སྒྲུབ་ཀུང་སིའི་ཐོག་བརྩེགས་ཁང་ཆེན་ལ་སྤྱི་ཚེས་17ཉིན་གྱི་ཞོགས་པ་མེ་ལྕེ་རབ་ཏུ་འབར་ནས་དུ་བ་ནག་པོ་སྤྱི་ལེ་ཁ་ཤས་ཀྱི་སར་གསལ་པོར་མཐོང་ཐུབ།

 

 

       མིག་སྔར་ཐོག་བརྩེགས་ཁང་ཆེན་དེ་དག་ལ་མེ་ཤོར་དོན་དེ་མཁའ་རྒོལ་ཕོག་པའམ་མེ་སྒྱོགས་ཐེབས་པ། ཡང་ན་མེ་བརྒྱབ་པ་ཡིན་མིན་གསལ་པོ་ཤེས་ཀྱི་མེད། མགྱོགས་མྱུར་རོགས་སྐྱོར་དམག་དཔུང་གིས། དེ་ནི་སུའུ་ཏན་གྱི་དྲག་ཆས་དམག་དཔུང་གིས་མཁའ་རྒོལ་བྱས་ཏེ་ཁར་ཐུམ་གྱི་བཟོ་སྐྲུན་སྒྲིག་བཀོད་གལ་ཆེན་ལ་འབར་མདེལ་དབྱུགས་པ་རེད་ཅེས་ཁ་རྡུང་བཏང་བ་དང་། སུའུ་ཏན་དྲག་ཆས་དམག་དཔུང་གིས་དེ་ནི་མགྱོགས་མྱུར་རོགས་སྐྱོར་དམག་དཔུང་གིས་མི་སེར་སྡོད་ཁུལ་དུ་དབྱེ་བ་མེད་པར་འབར་མདེལ་དབྱུགས་པ་རེད་ཅེས་རྒོལ་གཏམ་བཏང་བ་མ་ཟད། ཕ་རོལ་པོས་མེ་བརྒྱབ་ནས་ཁང་པ་མང་པོ་མེར་བསྲེགས་པར་རེད་ཅེས་བརྗོད་ཡོད།

 

 

       ད་ལོའི་སྤྱི་ཟླ་4ཚེས་15ཉིན་ནས་བཟུང་སུའུ་ཏན་དྲག་ཆས་དམག་དཔུང་དང་མགྱོགས་མྱུར་རོགས་སྐྱོར་དམག་དཔུང་གིས་སུའུ་ཏན་གྱི་གྲོང་ཁྱེར་གལ་ཆེན་མང་པོ་ཞིག་ཏུ་དམག་འཐབ་བྱས་པ་དང་། ད་བར་མཚམས་འཇོག་མ་ཐུབ་པར་སུའུ་ཏན་ལ་མི་ཆོས་རིང་ལུགས་ཀྱི་གནོད་འཚེ་ཚབས་ཆེན་བཟོས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག བསྟན་འཛིན།
ཡིག་སྒྱུར་བ། རྡོ་རྗེ་ཚེ་རིང་། 

中央广播电视总台 央广网 版权所有

ས་ཆ་འདིར་དམག་འཐབ་དྲག་པོ་བྱས་འདུག

སྤྱི་ཟླ་9ཚེས་16ཉིན་ནས་17ཉིན་བར། སུའུ་ཏན་དྲག་སྤྲས་དམག་དཔུང་དང་མགྱོགས་མྱུར་རོགས་སྐྱོར་དམག་དཔུང་གིས་རྒྱལ་ས་ཁར་ཐུམ་དང་དེའི་ཉེ་འཁོར་དུ་ཡང་བསྐྱར་དམག་འཐབ་དྲག་པོ་