རྒྱལ་སྤྱིའི་རྡོ་སྣུམ་རིན་གོང་ཆེས་ཆེར་འཕར་འདུག
རྒྱལ་སྤྱིའི་རྡོ་སྣུམ་རིན་གོང་ཆེས་ཆེར་འཕར་འདུག
གཟའ་འཁོར་གོང་མར་ཁྱབ་བསྒྲགས་བྱས་པའི་ཨ་རིའི་དངུལ་ལོར་འགྲེམས་ཐལ་ཤོར་བའི་གྲངས་གཞི་ཡག་སྡུག་གླེང་དཀའ་བ་ཞིག་ཡིན་པ་དང་། ཨ་རིའི་མ་རྐང་ཁྲོམ་རའི་སྟོན་གྲངས་ཆེན་པོ་གསུམ་འཕར་ཆག་གཅིག་མཚུངས་མིན་པ་རེད། དེའི་ཁྲོད་དུ་ཏོ་ཇུང་སིའི་སྟོན་གྲངས་0.12%འཕར་བ་དང་། ཚད་ལྡན་ཕུར་500ཡི་སྟོན་གྲངས་0.16%ཆག་པ། ནཱ་སི་ཏ་ཁེའི་སྟོན་གྲངས་0.39%ཆག་ཡོད་པ་རེད།
གཟའ་འཁོར་གོང་མར་རྒྱལ་སྤྱིའི་རྡོ་སྣུམ་རིན་གོང་3%འཕར།
ཨ་རིའི་རྡོ་སྣུམ་གྱི་རིན་གོང་སྣུམ་ཟོམ་རེར་ཨ་སྒོར་90ཟིན་པ།
རྡོ་སྣུམ་གྱི་རིན་གོང་ཐད་གཟའ་འཁོར་གོང་མར་ཨོའུ་ཕེ་ཁེས་སྙན་ཞུ་ཁྱབ་བསྒྲགས་བྱས་པ་ལྟར་ན། སོ་ཏི་ཨ་རབ་ཀྱིས་རྒྱུན་མཐུད་ངང་ཐོན་ཚད་ཇེ་ཉུང་དུ་བཏང་བས། ད་ལོའི་དུས་ཚིགས་བཞི་པར་གོ་ལ་ཧྲིལ་པོའི་རྡོ་སྣུམ་ཁྲོམ་རར་རྡོ་སྣུམ་མཁོ་འདོན་བྱེད་ཚད་ཉིན་རེར་སྣུམ་ཟོམ་ཁྲི་300མི་འདང་བའི་གནས་ཚུལ་ཐོན་རྒྱུ་ཡིན་པ་དང་། མ་འཇོག་བྱེད་མཁན་གྱིས་མ་བཅོས་རྡོ་སྣུམ་མཁོ་སྤྲོད་བྱེད་ཚད་མི་འདང་བར་སེམས་ཁྲལ་བྱེད་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པས་གཟའ་འཁོར་གོང་མར་རྒྱལ་སྤྱིའི་རྡོ་སྣུམ་རིན་གོང་མཐོ་རུ་ཕྱིན་ཡོད། དེའི་ཁྲོད་དུ་ཨ་རིའི་རྡོ་སྣུམ་རིན་གོང་ཟོམ་རེར་ཨ་སྒོར་90ལྷག་ཟིན་ཡོད། གཟའ་འཁོར་ཧྲིལ་པོར་བལྟས་ན། ཨ་རིའི་རྡོ་སྣུམ་རིན་གོང་3.7%ཡས་མས་འཕར་བ་དང་། པུའུ་ལོན་ཐེའི་མ་བཅོས་རྡོ་སྣུམ་གྱི་རིན་གོང་3.6%ཡས་མས་འཕར་ཡོད།
གཟའ་འཁོར་འདིའི་ནང་ཁྲོམ་རར་ཀྲུང་དབྱང་དངུལ་ཁང་གི་ཤུགས་རྐྱེན་ཆེ་ཙམ་ཐེབས་རྒྱུ་རེད།
ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གསོག་འཇོག་ཨུ་ཡོན་ལྷན་ཁང་སོགས་ཀྲུང་དབྱང་དངུལ་ཁང་མང་པོས་སྐྱེད་ཚད་ཀྱི་གྲོས་ཆོད་ཡོངས་བསྒྲགས་བྱ་རྒྱུ་རེད།
གཟའ་འཁོར་འདིའི་ནང་ཁྲོམ་རར་ཀྲུང་དབྱང་དངུལ་ཁང་གི་ཤུགས་རྐྱེན་ཆེ་ཙམ་ཐེབས་རྒྱུ་ཡིན་ཞིང་། ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གསོག་འཇོག་ཨུ་ཡོན་ལྷན་ཁང་དང་། དབྱིན་ཇིའི་ཀྲུང་དབྱང་དངུལ་ཁང་། སུའེ་ཙེར་ཀྲུང་དབྱང་དངུལ་ཁང་། ལྷོ་ཨ་ཧྥེ་རི་ཁ་ཀྲུང་དབྱང་དངུལ་ཁང་། དེ་མིན་ལྗར་པན་ཀྲུང་དབྱང་དངུལ་ཁང་སོགས་ཀྱིས་སྐྱེད་ཚད་ཀྱི་གྲོས་ཆོད་གསར་ཤོས་ཁྱབ་བསྒྲགས་བྱ་རྒྱུ་རེད།
ཁྲོམ་རས་སྔོན་དཔག་བྱས་པ་ལྟར་ན། གཟའ་འཁོར་འདིར་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གསོག་འཇོག་ཨུ་ཡོན་ལྷན་ཁང་གིས་སྐྱེད་ཀ་སྤར་མཚམས་འཇོག་རྒྱུ་ཡིན་པ་དེ་ཚོད་དཔག་ཐུབ་པ་ཞིག་ལ་གྱུར་ཡོད།
ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གསོག་འཇོག་ཨུ་ཡོན་ལྷན་ཁང་གིས་པེ་ཅིང་གི་དུས་ཚོད་གཟའ་འཁོར་འདིའི་གཟའ་ཕུར་བུའི་ཐོ་རེངས་སུ་སྐྱེད་ཚད་ཀྱི་གྲོས་ཆོད་ཁྱབ་བསྒྲགས་བྱ་རྒྱུ་ཡིན་པ་དང་། ཁྲོམ་རས་སྔོན་དཔག་བྱས་པ་ལྟར་ན། གཟའ་འཁོར་འདིར་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གསོག་འཇོག་ཨུ་ཡོན་ལྷན་ཁང་གིས་སྐྱེད་ཀ་སྤར་མཚམས་འཇོག་རྒྱུ་ཡིན་པ་དེ་ཚོད་དཔག་ཐུབ་པ་ཞིག་ལ་གྱུར་ཡོད། ཕྱོགས་གཞན་ཞིག་ནས། གཟའ་འཁོར་གོང་མར་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པ་ལྟར་ན། ཨ་རིའི་ནུས་རྒྱུའི་རིན་གོང་ཆེས་ཆེར་འཕར་ཏེ་དངུལ་ལོར་འགྲེམས་ཐལ་ཤོར་ཚུལ་སྔོན་དཔག་བྱས་པ་ལས་བསྐྱར་ལོག་བྱེད་ཤུགས་ཆེ་བ་ཡོད་པས། མ་འོངས་པའི་དུས་མཚམས་ཤིག་ནང་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གསོག་འཇོག་ཨུ་ཡོན་ལྷན་ཁང་གིས་སྐྱེད་ཀ་སྤོར་མཚམས་འཇོག་དཀའ་བར་གྱུར་རྒྱུ་ཡིན་པ་རེད། ཁྲོམ་རས་སྔོན་དཔག་བྱས་པ་ལྟར་ན། ད་ལོ་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གསོག་འཇོག་ཨུ་ཡོན་ལྷན་ཁང་གིས་སྐྱེད་ཀའི་གཞི་གྲངས་25སྤོར་སྲིད་ཚད་60%ཡས་མས་ཟིན་ཡོད།
གཟའ་འཁོར་འདིར་དབྱིན་ཇིའི་ཀྲུང་དབྱང་དངུལ་ཁང་གིས་སྐྱེད་ཀའི་གཞི་གྲངས་25སྤོར་སྲིད་པ་དང་།
ལྗར་པན་ཀྲུང་དབྱང་དངུལ་ཁང་གིས་ཤིན་ཏུ་གུ་ཡངས་པའི་དངུལ་ལོའི་སྲིད་ཇུས་རྒྱུན་འཁྱོངས་བྱ་སྲིད།
གཞན་ད་དུང་། ཁྲོམ་རའི་ཐོག་ཡོངས་ཁྱབ་ཏུ་གཟའ་འཁོར་འདིར་དབྱིན་ཇིའི་ཀྲུང་དབྱང་དངུལ་ཁང་གི་སྐྱེད་ཀའི་གཞི་གྲངས་25སྤར་ཏེ་གཞི་རྩའི་སྐྱེད་ཚད་དེ་ཉེ་བའི་ལོ་15ཡི་རིང་གི་ཆུ་ཚད་མཐོ་ཤོས་སུ་སླེབས་རྒྱུ་ཡིན་པ་དང་། ལྗར་པན་ཀྲུང་དབྱང་དངུལ་ཁང་གིས་མུ་མཐུད་ཤིན་ཏུ་གུ་ཡངས་པའི་དངུལ་ལོའི་སྲིད་ཇུས་རྒྱུན་འཁྱོངས་བྱ་སྲིད་པའི་སྔོན་དཔག་བྱེད་ཀྱི་ཡོད་པ་རེད།
གཟའ་འཁོར་འདིར་མ་འཇོག་བྱེད་མཁན་གྱིས་ཡོ་རོབ་དང་ཨ་མེ་རི་ཁའི་སྤྱི་ཟླ་9པའི PMIགྲངས་གཞིར་དོ་ཁུར་བྱེད་ཀྱི་ཡོད།
གྲངས་གཞི་ཐད་གཟའ་འཁོར་འདིར་ཡོ་སྒོར་སྤྱོད་ཁུལ་གྱིས་སྤྱི་ཟླ8པའི་CPIགྲངས་གཞི་ཁྱབ་བསྒྲགས་བྱ་རྒྱུ་ཡིན་པ་དང་། ཁྲོམ་རས་སྔོན་དཔག་བྱས་ན་ནུས་རྒྱུའི་རིན་གོང་འཕར་བའི་རྒྱབ་ལྗོངས་འོག ཡོ་སྒོར་སྤྱོད་ཁུལ་དུ་སྤྱི་ཟླ་8པའི་CPIའཕར་ཚད་དེ་དུས་མཚུངས་ལས་5.3%ཟིན་ཏེ་སྤྱི་ཟླ་བདུན་པ་དང་གཅིག་མཚུངས་ཡོང་རྒྱུ་རེད། གཟའ་འཁོར་འདིའི་གཟའ་པ་སངས་ཉིན། ཡོ་སྒོར་ཁུལ་དུ་ད་དུང་སྤྱི་ཟླ་9པའི་PMIགྲངས་གཞི་ཁྱབ་བསྒྲགས་བྱ་རྒྱུ་ཡིན་པ་དང་། ཨ་མེ་རི་ཁས་ཀྱང་སྤྱི་ཟླ་9པའི་PMIགྲངས་གཞི་ཡོངས་བསྒྲགས་བྱ་རྒྱུ་རེད། ཁྲོམ་རས་སྔོན་དཔག་བྱས་པར་གཞིགས་ན། སྤྱི་ཟླ་9པའི་ནང་ཨ་རིའི་Markitབཟོ་སྐྲུན་ལས་རིགས་ཀྱི་PMIཡི་ཐོག་མའི་སྟོན་གྲངས་47.9ཟིན་ཏེ་དེའི་གོང་གི་སྟོན་གྲངས་དང་གཅིག་མཚུངས་ཡོང་རྒྱུ་ཡིན་ཞིང་། སྔར་བཞིན་དར་གུད་དབྱེ་མཚམས་ཀྱི་སྟོན་གྲངས་50ལས་དམའ་བ་ཡོད་པ་རེད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག བསྟན་འཛིན།
སྒྲིག་སྒྱུར། སྙན་དབྱངས།